རྒྱལ་གཅེས་དཔའ་བོར་ལྷག་དཀར་རྟགས་མ་ཕུལ་བ།

ཟླ་འདིའི་ཚེས་ ༡༦ ཉིན་བོད་རང་དབང་སློབ་ཕྲུག་ཚོགས་པའི་ལོ་འཁོར་མཛད་སྒོ་ཨ་རིའི་ནེའུ་ཡོག་ཏུ་འཚོགས་ཡོད་ལ། ཚོགས་ཐོག་དེར་ད་ལྟ་བཙོན་དུ་བཞུགས་པའི་བོད་ཀྱི་ཆབ་སྲིད་བཙོན་མ་བཞི་ལ། རྒྱལ་གཅེས་དཔའ་བོའི་མཚན་སྙན་ཐོག་ལྷག་དཀར་རྟགས་མའི་བྱ་དགའ་ཕུལ་འདུག
ཐེངས་འདིར་རྟགས་མ་ཐོབ་མཁན་གྱི་བོད་རིགས་རྒྱལ་གཅེས་དཔའ་བོ་བཞི་ནི། ད་ལྟ་བཙོན་འོག་ཏུ་བཞུགས་པའི་སྐུ་ཞབས་ཞོགས་དུང་དང་རོང་རྒྱས་ཨ་གྲགས། ནོར་འཛིན་དབང་མོ། ཡེ་ཤེས་ཆོས་སྒྲོན་བཅས་ཡིན་པ་དང། ལྷག་དཀར་རྟགས་མའི་མིང་འདི་ནི་ཉིས་སྟོང་བརྒྱད་ཀྱི་ཞི་རྒོལ་ཆེན་མོའི་རྗེས་ནས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བ་ལས་བྱུང་ཡོད་འདུག
ཚོགས་འདུའི་སྟེང་དུ་ཆབ་སྲིད་བཙོན་ཟུར་པ་སངས་ལྷ་མོ་དང་ཆོས་དབྱངས་ཀུན་བཟང་གཉིས་ཀྱིས་ནོར་འཛིན་དབང་མོ་དང་ཡེ་ཤེས་ཆོས་སྒྲོན་སོ་སོའི་ཚབ་བྱས་ཏེ་ལྷག་དཀར་རྟགས་མའི་བྱ་དགའ་བཞེས་པ་དང། ཁོ་མོ་གཉིས་ལ་བོད་ནང་དུ་སྨྲ་བརྗོད་རང་དབང་ཐད་འཐབ་རྩོད་བྱས་པའི་སྙིང་སྟོབས་ལ་ལྷག་དཀར་རྟགས་མའི་བྱ་དགའ་ཕུལ་ཞིང། སྐུ་ཞབས་ཞོགས་དུང་གིས་བོད་མིའི་གསར་བརྗེ་ལ་ཕུལ་པའི་གནམ་ས་གོ་འབྱེད་ཅེས་པའི་དཔེ་དེབ་ཅིག་འདོན་སྤེལ་བྱས་པར་རྟགས་མ་འདི་ཕུལ་ཡོད་ལ། རོང་རྒྱས་ཨ་གྲགས་ལགས་སུ་ཉིས་སྟོང་བདུན་ལོའི་སྤྱི་ཟླ་ ༨ པའི་ཚེས་ ༡ ཉིན་གྱི་ཁོང་གི་ལར་ཞེན་དང་སྙིང་སྟོབས་ལྡན་པའི་གསུང་བཤད་དེར་ཕུལ་ཡོད་འདུག
གོང་གི་ལྷག་དཀར་རྟགས་མའི་བྱ་དགའ་ཐོབ་མཁན་གྱི་བོད་རིགས་དཔའ་བོ་དཔའ་མོ་འདི་དག་ལས་སྐུ་ཞབས་ཞོགས་དུང་ལགས་ད་ལྟ་འཛིན་བཟུང་བཀག་ཉར་འོག་ཡོད་པ་དང་། ནོར་འཛིན་དབང་མོར་ལོ་ལྔའི་ཁྲིམས་ཆད། ཡེ་ཤེས་ཆོས་སྒྲོན་ལ་ལོ་བཅོ་ལྔའི་ཁྲིམས་ཆད། རུང་རྒྱས་ཨ་གྲགས་ལགས་ལ་ལོ་བརྒྱད་ཀྱི་ཁྲིམས་ཆད་བཅས་འཁུར་བཞིན་ཡོད།
ལྷག་དཀར་རྟགས་མའི་བྱ་དགའ་ཐོབ་མཁན་ཚོའི་ཁྲོད་ནས་ནེའུ་ཡོག་ཏུ་གནས་སྡོད་བྱེད་པའི་སྐུ་ཞབས་བསྟན་འཛིན་དབང་རྒྱལ་ལགས་གཅིག་ཡིན་ཞིང་། ཁོང་ཨ་རིར་ཕེབས་པ་ནས་བཟུང་ད་ལྟའི་བར་འདས་བའི་མི་ལོ་བཅུའི་རིང་། གཟའ་འཁོར་རེའི་གུང་གསེང་ཡོད་ཚད་ལ་གཟའ་ཉི་མའི་བོད་སློབ་ཏུ་བོད་རིགས་ན་གཞོན་ཚོར། བོད་ཡིག་དང་བོད་ཀྱི་རོལ་དབྱངས་བསླབས་དང་སློབ་བཞིན་པ་འདིས་ས་གནས་བོད་རིགས་ན་གཞོན་བརྒྱ་ཕྲག་གི་མི་ཚེ་ལ་ཕན་ནུས་ཐོན་ཡོད། ཅེས་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར་ལགས་ཀྱིས་གསུངས།
བསྟན་རྡོར་ལགས་ཀྱིས་བརྗོད་དོན། ལྷག་དཀར་ནི་བོད་ནས་དར་ཁྱབ་བྱུང་པའི་མི་མང་ལས་འགུལ་ཞིག་ཡིན་ཞིང་། སྔ་ལོ་ནས་བོད་ཀྱི་ས་ཁུལ་གང་ས་ནས་ངོ་བོ་སྣ་ཚོགས་ཀྱི་ཐད་ལ་ལྷག་དཀར་ལས་འགུལ་གྱི་དམ་བཅའ་བཞག་སྟེ། བོད་སྐད་གཙང་མ་རྒྱག་རྒྱུ་དང་། བོད་མི་རྣམས་ཀྱི་ཟ་ཁང་ནས་ཟས་བཟའ་བ་དང་། མཁོ་ཆོས་རིགས་ཀྱང་བོད་རིགས་ཚོང་ཁང་ཁོ་ན་ལས་ཉོ་ཚོང་བྱེད་པ། གཟའ་ལྷག་པའི་ཉིན་དཀར་ཟས་ཁོ་ནར་བརྟེན་པ་སོགས་རྒྱ་ནག་དང་མཉམ་ལས་མི་བྱེད་པའི་ལས་འགུལ་དེ་དག་བོད་མི་གཅིག་གྱུར་གྱིས་ལག་བསྟར་བྱེད་ཀྱིན་པའི་ལས་འགུལ་འདི་བོད་མིའི་ལས་འགུལ་ཁྲོད་ད་ལྟའི་བར་བྱུང་མ་མྱོང་བ་ཞིག་ཡིན་ཞེས་དང་།
གཟའ་ལྷག་པ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་གཟའ་ཡིན་པས། བོད་མི་ཚོས་ཉིན་འདིར་དམར་ཟས་སྤང་སྟེ་གཟའ་འདི་གཟའ(ལྷག་པ)་དཀར་པོ་ཞིག་ཏུ་བརྩི་སྲུང་བྱེད་གྱིན་པས་ལྷག་དཀར་ཞེས་བརྗོད་པ་ཡིན།
ལྷག་དཀར་རྟགས་མའི་བྱ་དགའ་ཐོབ་མཁན་གྱི་བོད་རིགས་དཔའ་བོ་དཔའ་མོ་འདི་དག་གིས་གཙོ་བོ་ལྷག་དཀར་ལས་འགུལ་ལ་ཚེ་སྲོག་དང་གསོན་ཤུགས། སྙིང་སྟོབས་བསྩལ་ཡོད་ཅེས་བརྗོད་ཡོད།
 
གསར་འགོད་པ། བནྟེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

8 thoughts on “རྒྱལ་གཅེས་དཔའ་བོར་ལྷག་དཀར་རྟགས་མ་ཕུལ་བ།

  1. ཀཱི༔ལུང་ཐུབ་བཟང་།

    ངའི་ངོས་ནས་ལྷག་རྟགས་འདི་འོས་འཚམས་ཤིག་ཏུ་མཐོང་མ་སོང་། རྒྱུ་མཚན་གང་ཡིན་ཟེར་ན། གཞིས་ལས་བོད་མིའི་ནང་དུ་ཆབ་སྲིད་བཙོན་པ་དེ་བཞི་ལས་མེད་པ་རེད་དམ། ཡང་ན་ཚེ་སྲོག་ལ་རིན་ཐང་ཆེ་ཆུང་ཡོད་པར་བྱས་པ་རེད།
    ཁོང་བཞི་ལས་ཆབ་སྲིད་བཙོན་པ་མེད་པ་ཡིན་ན་རྗེས་སུ་ཡི་རངས་ཡོད། འོན་ཀྱང་ཁྱད་པར་ཕྱེས་ནས་ཕུལ་བ་ཡིན་ན་ཁོང་ཚོར་རྒྱ་མིས་བཙོན་བཀག་གི་མནར་གཅོད་ལས་ཀྱང་སེམས་ཁུང་འཁྱག་པའི་ཚོར་བ་ཞིག་སྟེར་ངེས། ཁྱད་པར་དུ་རང་དབང་རྩོད་ལེན་གྱི་རྩོམ་དེབ་བཏོན་ནས་ལོ་མང་ཁྲིམས་ཆད་བྱས་པ་མང་པོ་ཡོད་ནའང་དེ་ཚོ་སྣང་མེད་དུ་བཞགས་ནས། མི་ག་གེ་མོ་ཞིག་གིས་རྩོམ་ཡིག་བྲིས་འགྲེམ་ལས་ད་ལྟ་བཀག་ཉར་འདྲི་རྩད་བྱེད་བཞིན་ཡོད་རེད་ཟེར་ནས་འབུལ་དགོས་ན་གཟེངས་རྟགས་དེ་ལ་བྱ་སྐྱག་ཙམ་གྱི་རིན་ཐང་ལས་མེད་པ་གསལ་བོ་ཤེས་ཐུབ།།

  2. ངས་པོ་རྒྱལ་མཚན།

    བསྟན་འཛིན་རྡོ་རྗེ་ལགས་ཁྱེད་ཀྱིས་གཡག་ཞྭ་རས་རྩྭ་བཟས་པས་ལྟ་བུ་ལས་ཀ་འདི་ལ་ཕྲན་ཡང་བློ་ཕམ་གཅུང་བྱུང་སོང་། དམར་ཀླ་ཀློའི་སྐར་ལྔ་དར་དམར་འོག་ལ་ཚར་ལོངས་བྱུང་སྟེ།རོ་དངར་ལྡན་པའི་ཤེས་བྱའི་འབྲས་བུ་རོལ་བཞིན་བའི་སྐབས། བོད་ལྗོངས་སློབ་གྲྭ་ཆེ་མོ་སློབ་མ་བློ་བཟང་བསྟན་འཛིན་ལགས་ཀྱིས་རང་ཉིད་ཀྱི་འོད་ཟེར་ལྡན་པའི་མདུན་ལམ་རྒྱབ་ཏུ་སྐྱུར་སྟེ་རང་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་སྤྱི་ལོ་ ༡༩༨༨ ལོའི་ནང་མི་རབས་གསར་པས་མགོ་ཁྲིད་དེ་དགྱ་དམར་གྱི་དྲང་མིན་པའི་ཁྲིམས་ལུགས་ལ་ཞི་བའི་ངོ་རྒོལ་བྱས་པས་ད་ལྟ་ཡང་དགྱ་མི་བཙོན་ཁང་ལ་སྡུག་སྦྱོང་ཚད་མེད་མྱོང་བཞིན་ཡོད། ཁོང་ལ་ཁྱེད་ཚོའི་བྱ་དགའ་སྤྲད་མི་རུང་བ་ཞིག་ཡིན་ནམ། ཡང་ན་ཁྱེད་ཚོའི་ཉམ་ཞིབ་ཀྱི་འདང་གི་མེད་ཡིན་ནམ།

  3. སྙིང་ནས་གུས་བར་འོས་བའི་རྒྱལ་གཅེས་དཔའ་བོ་འདི་དག་ལ་རྟགས་མ་ཕུལ་འོས་བ་ནི་བཤད་མི་དགོས་མོད་། དེ་ནི་ཕན་གནོད་ཀྱི་གང་དུ་འགྲོ་མིན་མི་ཤེས་བས་དེ་ལས་ཁོང་ཚོའི་ཕ་མ་བུ་ཕྲུག་ལ་རོགས་རམ་རེ་བྱེད་ཐུབ་ན་བཟང་ངོ་སྙམ།

  4. དྲང་སྲོང་།

    བོད་རང་དབང་སློབ་ཕྲུག་ཚོགས་པས་རྒྱ་ནག་འོགས་ན་དཀའ་ངལ་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་བཞི་ལ། རྒྱལ་གཅེས་དཔའ་བོའི་མཚན་སྙན་ཐོག་ལྷག་དཀར་རྟགས་མའི་བྱ་དགའ་ཕུལ་ཁུལ་བྱེད་རྒྱུ་འདི་ནི་ཡ་ཡུད་ཆེ་བའི་བྱ་བ་ཞིག་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། བོད་རང་དབང་སློབ་ཕྲུག་ཚོས་རྒྱ་ནག་གི་རྩ་དོན་མ་ཤེས་པའི་སྐྱོན་ཞིག་ཀྱང་ཡིན་སྲིད། འདི་ལྟ་བུའི་ཅོར་ཆུང་གི་བྱ་བ་དེས་ནི། བོད་མི་ཁྲིམས་ཐག་བཅད་ཟིན་ཚོ་ལ་མཚོན་ན་ཡང་བསྐྱར་མནར་འགྱང་གི་རྒྱུ་རུ་འགྱུར་སྲིད་ལ། ཕྱོགས་དུང་ལ་མཚོན་ན་ངེས་པར་དུ་ཁྲིམས་ཆད་ལྕིད་དུ་འགྲོ་བའི་ཆ་སྐྱེན་ཐུན་མོངས་མ་ཡིན་པ་ཞིག་རེད།
    འདི་ལྟ་བུའི་ཕན་གནོད་ལ་བསམ་གཞིག་མ་བྱས་པར་ལས་ག་ཚབ་ཚུབ་བཟོ་རྒྱུ་འདི་ལ་བལྟས་ན་བོད་རང་དབང་སློབ་ཕྲུག་ཚོགས་པ་ཞེས་པ་འདིའི་བྱ་སྤྱོད་ལ་ཆ་འཇོག་མེད་པ་འདྲ།