ཕྱུག་བདག་གི་ཞལ་འདེབས།

རྒྱ་སྒོར་ཐེར་འབུམ་ ༥ ལྷག་གིས་མང་ཚོགས་དགེ་རྩ་ཚོགས་པར་ཞལ་འདེབས་འབུལ་རྒྱུའི་ཁས་ལེན། 

རྒྱ་ནག་ནང་མིང་གྲགས་ཡོད་པའི་ཁེ་ལས་དང་གཞན་ཕན་ཅན་གྱི་མི་སྣ་ཅེན་གོན་བྷའོ་ Chen Guang Biao ཡིས་རང་ཉིད་ཤི་རྗེས་ཀྱི་མ་དངུལ་ཚང་མ་བྷེལ་རྒའེ་ཊི་ Bill Gate དང་ཝ་རན་བྷ་ཧྥེ་ཌི་ Warren Buffetg གཉིས་ཀྱིས་རྩ་འཛུགས་བྱས་པའི་མང་ཚོགས་དགེ་རྩ་ཚོགས་པར་ཞལ་འདེབས་འབུལ་རྒྱུའི་ཁས་ལེན་བྱས་འདུག
ཅེན་གོན་བྷའོ་ནི་ཐོན་རྫས་བཟོ་གྲྭ་ཞིག་གི་འགན་འཛིན་དང་། བྷེལ་རྒའེ་ཊི་དང་ཝ་རན་བྷ་ཧྥེ་ཌི་གཉིས་ཀྱིས་རྩ་འཛུགས་བྱས་པའི་མང་ཚོགས་དགེ་རྩ་ཚོགས་པ་དེར་ཞལ་འདེབས་འབུལ་མཁན་གྱི་རྒྱ་ནག་པ་དང་པོ་ཆགས་ཡོད་འདུག ཁོང་གིས་ཟླ་འདིའི་ཚེས  ༥ ཉིན་ཐད་ཀར་དགེ་རྩ་ཚོགས་པ་དེར་གློག་འཕྲིན་བརྒྱུད། རྒྱ་སྒོར་ཐེར་འབུལ་ ༥ ལྷག་ཡོད་པའི་མ་དངུལ་རྣམས་ཁོ་རང་ཤི་རྗེས་དགེ་རྩ་ཚོགས་པ་དེར་ཞལ་འདེབས་སུ་འབུལ་རྒྱུར་ཁས་ལེན་བྱས་འདུག
བྷེལ་རྒའེ་ཊི་དང་ཝ་རན་བྷ་ཧྥེ་ཌི་གཉིས་མི་འགྱངས་པར་རྒྱ་ནག་ལ་སོང་སྟེ། རྒྱ་ནག་གི་འབྱོར་ལྡན་མི་སྣ་ཚོར་གཞན་ཕན་གྱི་བསམ་བློར་སྐུལ་སློང་བྱ་འཆར་ཡོད་འདུག
བྷེ་བྷེ་སིས་གནས་ཚུལ་སྤེལ་གསལ་ལྟར་ན། དགེ་རྩ་ཚོགས་པ་དེ་འདི་ལོའི་ཕྱི་ཟླ་དྲུག་པ་ནས་བཙུགས་ཤིང་། དེར་རྒྱབ་སྐྱོར་འཚོལ་སྒྲུབ་བྱས་པས་ད་ལྟ་ཨ་རིའི་ནང་གི་འབྱོར་ལྡན་པ་ ༤༠ ཙམ་གྱིས་ཉུང་མཐར་སོ་སོའི་མ་དངུལ་ཕྱེད་ཀ་རེ་དགེ་རྩ་ཚོགས་པ་དེར་འབུལ་རྒྱུ་ཡིན་ཞིང་། དེ་དག་གི་ཞལ་འདེབས་ཁྱོན་ཨ་སྒོར་ཐེར་འབུམ་ ༡༢༥ ལོངས་ཡོད་པར་བརྗོད།
བྷེལ་རྒའེ་ཊི་དང་ཝ་རན་བྷ་ཧྥེ་ཌི་གཉིས་ཟླ་འདིའི་ཚེས་ ༢༩ ཉིན་པེ་ཅིན་དུ་རྒྱ་ནག་གི་འབྱོར་ལྡན་པ་ ༥༠ མཉམ་དུ་གསོལ་སྟོན་ལྷན་འཛོམས་ཤིག་སྟེང་ཞུགས་འཆར་ཡོད་འདུག
རང་ལོ་ ༤༢ ལ་སོན་པ་ཅེན་གྱིས་ཁོ་རང་གིས་དགེ་རྩ་ཚོགས་པ་དེར་ཕུལ་པའི་འཕྲིན་ཡིག་ཏུ། ཁྱེད་རྣམ་པ་གཉིས་ཀྱིས་སྤྱི་ཚོགས་དགེ་རྩའི་ཐད་ཀྱི་ཆོད་སེམས་དེས་ང་རང་སེམས་འགུལ་ཐེབས་བྱུང་། ང་ལ་གང་ཐོབ་པ་རྣམས་ཕྱིར་སྤྱི་ཚོགས་ལ་འགྲོ་ཐུབ་པ་དེ་རྒྱལ་ཁ་ཞིག་ཡིན་ཞིང་། རང་ཉིད་འཆི་ཁར་རྒྱུ་དངོས་བེད་མེད་ངང་ལྷག་ན་ངོ་ཚ་རེད། ཅེས་དང་། ཁོས་ད་དུང་།  ཁོང་གི་རྒྱུ་དངོས་ཞལ་འདེབས་སུ་ཕུལ་བ་དེ་འབྱོར་ལྡན་ཁོང་ཚོ་རྒྱ་ནག་ལ་ཕེབས་པར་ལེགས་སྐྱེས་ཤིག་ཏུ་འགྲོ་བའི་བསམ་བློ་ཡོད། ཅེས་བརྗོད།
ཅེན་གྱིས་ཞལ་འདེབས་ཕུལ་བའི་གནས་ཚུལ་དེས་ཕྱི་ཚེས་ ༢༩ ཉིན་གྱི་གསོལ་སྟོན་ལྷན་ཚོགས་ལ་འགྲོན་འབོད་བྱས་པའི་རྒྱ་ནག་གི་འབྱོར་ལྡན་པ་མང་པོ་ཞིག་ཡོང་འདོད་མེད་ཚུལ་གྱི་གནས་ཚུལ་བྱུང་འདུག རྒྱུ་མཚན་ནི། དགེ་རྩ་ཚོགས་པ་དེར་རྒྱབ་གཉེར་འཚོལ་ཕྱིར་ཡིན་པའི་སྐད་ཆ་ཞིག་ཁྱབ་ཡོད་པས་རེད།
རྒྱ་ནག་སྤྱི་ཚོགས་ཞབས་ཞུ་ཚོགས་པས། ཉིས་སྟོང་བཅུ་ལོའི་མི་སྒེར་དང་ཚོགས་པ་ཁག་གིས་མང་ཚོགས་དགེ་རྩེའི་ཐད་ཞལ་འདེབས་འབུལ་མཁན་ཚོའི་ཁྲོད་ནས་ཅེན་ཚད་མཐོ་ཤོས་ཡིན་པར་ཡོངས་བསྒྲགས་བྱས་ཡོད།
ཅེན་གྱིས་འདས་པའི་ལོ་བཅུའི་རིང་རྒྱ་སྒོར་ཐེར་འབུལ་ ༡.༣༤ མང་ཚོགས་ལ་ཕན་པའི་དགེ་རྩའི་རིགས་ལ་བཏང་ཡོད་པའི་ཁོངས་སུ། ཉིས་སྟོང་བརྒྱད་ལོའི་སུ་ཁྲོན་ཞིང་ཆེན་གྱི་ཝུན་ཁྲིན་ས་ཁུལ་དུ་ས་འགུལ་གྱི་གོད་ཆག་བྱུང་བ་དང་འདི་ལོའི་ཡུལ་ཤུལ་ས་འགུལ་གྱི་གོད་ཆག་སྐབས་ཉེན་སྐྱོབ་རུ་ཁག་གོ་སྒྲིག་གིས་ཁྱོན་མང་ཚོགས་ ༧༠༠༠༠༠ ལྷག་ལ་རོགས་སྐྱོར་བྱས་འདུག
 
གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “ཕྱུག་བདག་གི་ཞལ་འདེབས།

  1. གཅན་བཟོད་རྒྱམ།

    ད་ས་ནས་ཀྱང་ཞལ་འདེབས་གནང་མཁན་གཅིག་གཉིས་རེ་བྱུང་ན་ཅི་མ་རུང་། ཨོ་མ་རེད། ང་ནོར་བ་རེད། དྷ་ས་ན་བོད་མི་ཚེ་སྲོག་མང་པོར་ཤི་སྐྱོན་དང་ཁྲི་ཕྲག་མང་པོའི་རྒྱུ་དངོས་ལ་ཚབ་ཆེ་བས་གོད་ཆགས་བྱུང་དུས་ཀྱང་བརྒྱ་སྐོར་སྟོང་སྐོར་རེ་ཡང་གནང་མཁན་མི་འདུག་ན་ཁེ་ལས་པ་ཚོར་ལྟ་བ་ནི་ནམ་མཁའི་སྐར་མར་ལྟ་བ་ནང་བཞིན་མ་ཡིན་ནམ། རྒྱ་ནག་གི་འབྱོར་ལྡན་གཏོང་ཕོད་ཅན་Chen Guang Biao་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ།

  2. མིག་གསུམ་པ།

    རྒྱ་ནག་གི་ཅེན་ཀོ་བྷའོ་ཡིས་རྒྱུ་འབྱོར་ལ་སྙིང་པོ་མེད་པར་རྟོགས་སོང་ནི་ཡིན་རྒྱུ་རེད། ད་ནང་ཆོས་སྦྱང་ན་ཡག་ཤོས་རེད

  3. འཇམ་དབྱངས།

    འཛམ་གླིང་སྤྱིའི་བདེ་སྡུག་ལ་བསམ་ནས་འདི་ལྟ་བུའི་ཐག་གཅོད་བྱས་པ་ནི་རླབས་ཆེན་རེད། ཁོང་ཚོའི་སྨོན་འདུན་དང་ཕྱག་ལས་བཟང་པོ་དེས་འཛམ་གླིང་ཞི་བདེ་དང་མི་སྐྱོ་བོ་རྣམས་དབུལ་ཕོངས་ལས་ཐར་བར་གྱུར་ཅིག