འོས་མིར་སྐྱོན་འཛུགས།

ཨ་རིའི་མི་སེར་དུ་གྱུར་པའི་རྒྱ་གར་བ་ཞིག་ཕྱི་ཟླ་བཅུ་གཅིག་ནང་གི་ཨ་རིའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ལངས་པར་རྒྱན་ཤོག་གིས་གྲོན་དངུལ་བསྡུས་ཡོད་པར་སྐྱོན་འཛུགས་བྱས་འདུག

གསར་འགྱུར་རྒྱུ་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སླེབས་ལ་ཉེ་བའི་ཕྱི་ཟླ་བཅུ་གཅིག་ནང་གི་ཨ་རིའི་གྲོས་ཚོགས་ཀྱི་འོས་བསྡུ་དེར་ལངས་མཁན་གྱི་འོས་མི་མང་པོ་ཞིག སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མ་འདྲ་བ་ནས་ཡོང་གི་ཡོད་པའི་ཁྲོད། ཨ་རིའི་མི་སེར་ཡིན་པའི་རྒྱ་གར་བ་ Mannan Trivedi ཞུ་བ་ཁོང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་གཞིར་ལངས་ཡོད་ཅིང་། དེ་ལ་གྲོས་ཚོགས་འོག་མའི་ཚོགས་གཙོ་ཇེམ་གྷེར་ལིག་ Jim Gerlach གིས་གྲོས་ཚོགས་གསར་ཤོག་ཐོག རྒྱ་གར་བ་དེས་ཨ་རིའི་མི་སེར་ཡིན་པའི་རྒྱ་གར་བ་དག་ལ་རྒྱན་ཤོག་བཀྲམས་ཏེ་མ་དངུལ་བསྡུ་སློང་བྱེད་ཀྱིན་ཡོད་པར་སྐྱོན་འཛུགས་བྱས་འདུག

ཨ་རིར་ཡོད་པའི་རྒྱ་གར་བ་དག་གི་མགོ་ཁྲིད་ཀོལ་ཀར་ནེ་ Kathy Kulkarni ཡིས ཐེངས་འདིར་ཇེམ་གྷེར་ལིག་གིསཨ་རིའི་རྒྱ་གར་བར་སྐྱོན་འཛུགས་བྱས་པ་དེ་ངོ་གནོང་དགོས་པ་ཞིག་ཡིན་ལ། ཁོའི་སྐད་ཆ་དེ་ཨ་རིའི་ཆབ་སྲིད་དྲིལ་བསྒྲགས་ཁོངས་སུ་བརྩི་འཇོག་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱུ་མཚན་ནི། ད་ལྟའི་བར་གྲོས་ཚོགས་འོས་མི་ཚོས་སོ་སོའི་ཕྱོགས་གཏོགས་ཚོགས་པ་དང་། སྤྱི་ཚོགས་ནས་གྲོན་དངུལ་བསྡུ་སློང་བྱེད་པའི་ལམ་སྲོལ་དེ་འགྲོ་སྟངས་ལྟ་བུ་ཞིག་ཆགས་ཡོད་ཅིང་། ཇེམ་གྷེར་ལིག་གིས་ཨ་རིའི་ནང་ཡོད་པའི་ཨི་ཊ་ལིའི་མི་རིགས་དང་རྗེའུ་བོ་མི་རིགས། གྷི་རིག་གི་མི་རིགས་བཅས་ཀྱི་འོས་མི་དག་གིས་སོ་སོས་ཕྱོགས་གཏོགས་ཚོགས་པ་དང་སྤྱི་ཚོགས་ནས་གྲོན་དངུལ་བསྡུ་སྐོང་བྱས་པར་ནམ་ཡང་སྐྱོན་འཛུགས་བྱས་མྱོང་མེད། ཅེས་བརྗོད་ཡོད།

ཀོལ་ཀར་ནེ་ཡིས་མུ་མཐུད་བརྗོད་དོན། ཇེམ་གྷེར་ལིག་གིས ཨ་རིའི་རྒྱ་གར་བའི་འོས་མི་ཚོ་སྒྲིག་གཞི་མ་འདྲ་བ་ཞིག་གི་འོག་འགྲོ་དགོས་ཚུལ་བཤད་པ་དེ་དགོད་བྲོ་བ་ཞིག་རེད། ཅེས་གསུངས།

གསར་འགོད་པ། བནྜེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply