མང་གཙོའི་འགན་དབང་ཆེ་ཤོས།

བསླེབ་ལ་ཉེ་བའི་བདུན་ཕྲག་རྗེས་མའི་ནང་གི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དང་། ལོ་རྗེས་མའི་ཟླ་གསུམ་པའི་དངོས་གཞིའི་འོས་བསྡུ་གཉིས་ནང་མི་མང་གིས་ཆ་ཤས་ལེན་རྒྱུ་དེ་མང་གཙོའི་འགན་དབང་ཆེ་ཤོས་ཤིག་ལོངས་སྤྱོད་བྱ་རྒྱུའི་གོ་སྐབས་ཤིག་ཏུ་ངོས་འཛིན་ཞུ་གི་ཡོད་ཟེར།
ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་གྱི་དགོང་མོར་བོད་གཞུང་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བཙན་བྱོལ་ནང་ལོ་ངོ་ལྔ་བཅུའི་མང་གཙོ་ལམ་ལྷོང་བྱུང་བའི་རྟགས་ཐམ་ཞེས་པའི་ལས་རིམ་ཞིག་གཉེར་བ་དང་། ལས་རིམ་དེའི་སྐུ་མགྲོན་དུ་བོད་གཞུང་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་དང་། རྒྱ་གར་དབུས་གཞུང་གི་འོས་བསྡུའི་འགན་འཛིན་ཟུར་པ་ཀིརུ་ཤ་ན་མུར་ཐེས་ krishnamurthy མཆོག་རྣམ་གཉིས་ཕེབས་ཡོད། སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་འོས་བསྡུའི་འགན་འཛིན་ཟུར་པ་ཀིརུ་ཤ་ན་མུར་ཐེས་མཆོག་གིས་ ༢༠༠༤ ལོར་མེཀ་སི་ཀོ་དང་། ཛིམ་བྷ་ཝེ། ཨིན་ཌོ་ནི་ཤི་ཡ། ཨ་རི་བཅས་ཀྱི་སྲིད་འཛིན་འཛིན་འོས་བསྡུའི་སྐབས་ཟུར་དཔང་གནང་ཡོད་འདུག
བུད་མེད་ལྷན་ཚོགས་ཀྱིས་ལས་རིམ་དེ་ལྟ་བུ་ཞིག་གཉེར་དོན་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་དབུ་བརྙེས་ཏེ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཆེད་དུ་ཡིན་པ་དང་། བདུན་ཕྲག་རྗེས་མའི་ནང་བསླེབ་ལ་ཉེ་བའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་དང་། ༢༠༡༡ ཟླ་ཚེས་ ༢༠ ཉིན་དངོས་གཞིའི་འོས་བསྡུ་གཉིས་ནང་མི་དམངས་ཀྱིས་ཆ་ཤས་ལེན་རྒྱུ་དེ་མང་གཙོའི་འགན་དབང་ཆེ་ཤོས་ཤིག་ལོངས་སྤྱོད་བྱ་རྒྱུའི་གོ་སྐབས་ཤིག་ཏུ་ངོས་འཛིན་ཞུ་གི་ཡོད་ཟེར།
མཛད་སྒོའི་ཐོག་བུད་མེད་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཞིག་སྤེལ་བའི་ནང་།  ༡༩༦༠ ལོའི་ཟླ་དགུ་བར་བཙན་བྱོལ་སྤྱི་ཚོགས་སུ་དབུ་བརྙེས་པའི་མང་གཙོ་དེ་ད་ལྟ་རིམ་བཞིན་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་དེ། འདི་ལོའི་ཟླ་དགུ་བར་བཙན་བྱོལ་གྱི་མང་གཙོའི་གཞུང་དེ་ལོ་ངོ་ལྔ་བཅུ་ཏག་ཏག་འཁོར་ཡོད། མང་གཙོའི་ལམ་ལུགས་འདི་སྤྱི་ལོའི་དུས་རབས་ཉི་ཤུ་ནས་འགོ་བཙུགས་ཏེ་ཉི་ཤུ་རྩ་གཅིག་ནང་དམིགས་བསལ་གྱིས་འགྱུར་འགྲོས་ཤུགས་ཆེན་ཞིག་བྱུང་བ་ནི་དམག་འཁྲུག་དང་གསར་བརྗེ། དཔལ་འབྱོར་དང་ཆོས་ལུགས།མི་སེར་སྤེལ་ཡུལ་ལམ་ལུགས་མེད་པར་བཟོས་པ་བཅས་ཀྱི་ཤུགས་རྐྱེན་ལས་འཕེལ་འགྱུར་བྱུང་བ་ཞིག་ཡིན། དེ་བཞིན་བོད་ཀྱི་མང་གཙོའི་ལམ་ལུགས་དེ་ཡང་ཁ་ཕྱོགས་གསར་བ་ཞིག་ཏུ་འཕོ་འགྱུར་ཕྱིན་ཡོད།
༸གོང་ས་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་ཀྱིས་སྔོན་ཚུད་ནས་འབྱུང་འགྱུར་མང་གཙོའི་བོད་ཞིག་ཡོང་བའི་དམིགས་ཚད་ལྡན་པའི་དགོངས་པ་རྒྱ་ཆེར་བཞེས་པའི་ཐོག་མའི་འབྲས་བུ་ནི།  ༡༩༥༩ ལོར་བཙན་བྱོལ་བོད་གཞུང་དབུ་བརྙེས་ནས་རིམ་པས་མང་གཙོའི་ལམ་ལུགས་སུ་ཁ་ཕྱོགས་ཏེ་སྤྱི་འཐུས་གྲོས་ཚོགས་དེ་བཞིན་དབུ་བརྙེས་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་ལམ་ལུགས་དེ་བཞིན་འབད་འབུངས་ལྷོད་མེད་དང་། འདུན་པ། སེམས་ཤུགས། གསར་གཏོད་ཀྱི་རྣམ་པ་ཞིག་གི་རྒྱུད་རིམ་འོག་གོང་འཕེལ་ཕྱིན་པ་ཞིག་ཡིན་ཞེས་བཙན་བྱོལ་གྱི་མང་གཙོར་སྤྱི་ཡོངས་ནས་འགྲེལ་བརྒྱབས་ཡོད།
ཉིན་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་སྤྱིར་རྒྱ་གར་གྱི་མང་གཙོའི་ལམ་ལུགས་ནང་བཟང་ངན་གཉིས་ཀྱི་ཆ་ཡོད་ནའང་། གཙོ་བོ་རྒྱ་གར་གྱི་མང་གཙོའི་ལམ་ལུགས་ལས་བོད་པའི་མང་གཙོ་ལ་མཁོ་བའི་བཟང་ཕྱོགས་ཀྱི་ཆ་དག་ལེན་དགོས་པ་རེད་ཅེས་གསུངས་པ་དང་། བོད་གཞུང་འོས་བསྡུ་འགན་འཛིན་ལགས་ཀྱིས་བཙན་བྱོལ་བོད་གཞུང་གིས་རྒྱ་གར་གྱི་མང་གཙོ་དེ་རྒྱལ་སྤྱིའི་ནང་ཆེས་ངོ་མཚར་ཅན་གྱི་མང་གཙོ་ཞིག་ཡིན་སྐོར་སོགས་གསུངས་ཡོད་འདུག
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་དགོང་དྲོའི་ལས་རིམ་དེའི་ནང་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ཐོག་
༼ བཙན་བྱོལ་བོད་མིའི་ཚོད་ལྟའི་འོས་བསྡུའི་ཤེས་རྟོགས་ཅེས་པའི་དེབ་དང་གློག་བརྙན་ ༽ བཅས་དབུ་འབྱེད་གནང་ཡོད། དེ་ནི་འདི་ལོའི་གོང་ས་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོར་ཐེངས་དང་པོའི་ཚོད་ལྟའི་འོས་བསྡུ་གོ་སྒྲིག་ཞུས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་ ༢༠༡༡ ལོའི་འོས་བསྡུའི་ལམ་རིམ་དེ་གལ་འགངས་ཆེན་པོ་ཡིན་པའི་གོ་རྟོགས་སེལ་སླད་དང་། མང་གཙོའི་ཁེ་ཕན་ལོངས་སུ་སྤྱོད་ཆེད་འོས་བསྡུའི་རྒྱུད་རིམ་ནང་མཉམ་ཞུགས་གནང་སྟེ་ཆབ་སྲིད་ཀྱི་འགན་དབང་ལོངས་སྤྱོད་བྱ་རྒྱུར་སེམས་ཤུགས་སྤར་ཆེད་ཡིན་པ་དང་། ཚོད་ལྟའི་འོས་བསྡུ་དེ་དག་བཙན་བྱོལ་ནང་མང་གཙོའི་རྨང་གཞི་སྲ་བརྟན་བཟོ་རྒྱུའི་མཚོན། བྱེས་གྱར་བོད་མི་ཚོའི་ཆབ་སྲིད་ཀྱི་ཐོབ་ཐང་དང་རང་དབང་དག་སྲུང་སྐྱོབ་མུ་མཐུད་བྱ་ཐུབ་ཆེད་དུ་ཡིན་འདུག
 
བུད་མེད་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་དུ། མང་གཙོའི་ཆ་རྐྱེན་གཙོ་བོ་ཞིག་ནི་མི་དམངས་ཀྱི་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་བྱེད་པའི་ཐོག་རང་ཉིད་ཀྱི་འགོ་ཁྲིད་འདེམས་འདོན་བྱ་རྒྱུ་དེ་ཡིན། དེ་ནི་བཙན་བྱོལ་ནང་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་བསྡུའི་ནང་མཉམ་ཞུགས་གནང་རྒྱུ་ནི་བོད་མི་ཡིན་པའི་འོས་འགན་ཙམ་མ་ཡིན་པར་གཞིས་བྱེས་བོད་མའི་ཁྲིམས་མཐུན་གྱི་བཙན་བྱོལ་གཞུང་དེ་སྲ་བརྟན་བཟོ་རྒྱུའི་གལ་གནད་ཀྱང་ཡིན།
 
བཙན་བྱོལ་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ནི་བོད་མིའི་སྤྱི་ཚོགས་ཀྱི་གཞི་རྩའི་འགན་དབང་དང་། མང་གཙོའི་འོས་བསྡུའི་ལས་རིམ་ནང་རང་ཉིད་ཀྱི་དབུ་ཁྲིད་འོས་འདེམས་བྱ་རྒྱུར་འོས་འཕེན་མཉམ་ཞུགས་བྱས་པ་དེས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་དེ་སྲ་བརྟན་བཟོ་གི་ཡོད། འདི་ལོའི་ཟླ་བ་བཅུ་བ་ནས་མགོ་བརྩམས་ཏེ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་ཀྱིས་རྒྱ་གར་དང་། བལ་ཡུལ། འབྲུག་ནང་ཡོད་པའི་ཆེས་ལུང་ཁུག་དང་གོ་རྟོགས་དབེན་པའི་བོད་མི་གནས་སྡོད་ཀྱི་ས་གནས་ཁག་ཏུ་ལོ་ཁོར་མོའི་སློབ་གསོའི་ལས་གཞི་ཞིག་མགོ་འཛུགས་རྒྱུ་ཡིན་ཞེས་གསལ་འདུག་པ་མ་ཟད། མང་གཙོའི་འོས་འགན་གཙོ་བོ་ནི་སུས་ཀྱང་མ་བཀོལ་བར་རང་ཉིད་སོ་སོས་ཐོབ་ཐང་ལེན་དགོས།དེ་ཡང་མཐར་གཏུགས་ན་རང་ཉིད་ཀྱི་མ་འོངས་པའི་ཆེད་དུ་རང་ཉིད་ཀྱིས་ཐོབ་ཐང་ལེན་དགོས་པ་དེ་ཡིན། སོ་སོ་རང་ཉིད་གཞན་གྱི་བརྒྱུད་སྐུལ་འོག་མ་ཕྱིན་པར་མང་གཙོའི་ཐོབ་ཐང་ལེན་ཐུབ་ན། གཞི་ནས་རང་ཉིད་གཙོས་གཞུང་འདི་ཚགས་ཚུད་ཅིག་ཡོང་གི་ཡོད།
འོས་བསྡུའི་རང་དབང་དེ་བཞིན་འཚེ་མེད་ཞི་བའི་ལག་བསྟར་གྱི་རྣམ་པ་གསར་པ་ཞིག་དང་འོས་བསྡུའི་རྒྱུད་རིམ་དེ་དག་གིས་བཙན་བྱོལ་ནང་གི་རང་དབང་དང་རང་ཐག་རང་གཅོད་ཀྱི་འགན་དབང་གོང་འཕེལ་གཏོང་བཞིན་ཡོད།

ང་ཚོས་འབོད་སྐུལ་ཞུ་རྒྱུར་རྒྱ་ཆེའི་མང་ཚོགས་ནས་ཆེས་གལ་འགངས་ཆེ་བའི་འོས་བསྡུའི་ལས་རིམ་ཐོག་ངེས་པར་དུ་རང་ཉིད་ཀྱི་གོ་རྟོགས་སེལ་ནས་དེའི་ནང་མཉམ་ཞུགས་གནང་སྟེ། རང་ཉིད་ཀྱི་འགོ་ཁྲིད་ཚད་ལྡན་ཞིག་འདེམས་རྒྱུ་ནི་འབྱུང་འགྱུར་དཔེ་མཚོན་རང་བཞིན་གྱི་མང་གཙོ་དང་བོད་ཀྱི་སྤྱི་ཚོགས་ཀྱི་སྒྲོམ་གཞི་སྲ་བརྟན་བཟོ་ཕྱིར་ཡིན་སོགས་གསལ་ཡོད།

བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་ལ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། ང་ཚོས་ད་ལྟའི་བར་བཙན་བྱོལ་གྱི་མང་གཙོ་དེ་ཡང་དག་པ་ཡིན་ལབ་ཀྱིན་ཡོད་ནའང་། མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཅིག་གིས་འོས་བསྡུའི་འགན་འཛིན་ཟུར་བ་ཞིག་གིས་བཙན་བྱོལ་གྱི་མང་གཙོ་འདི་ཚད་ལྡན་གྱི་མང་གཙོ་ཞིག་ཏུ་ངོས་འཛིན་མཛད་པ་དང་། དེ་ལ་རྟགས་ཐམ་བཀོད་པ་ཐོག་མ་དེ་ཆགས་ཡོད་ཟེར།  

 
གསར་འགོད་པ། ཨ་རིག་འགྱུར་མེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply