ཡུ་རོབ་བོད་རིགས་དང་བོད་དོན་ལས་འགུལ།

ཉེ་བའི་ལོ་ཤས་ནས་ཡུ་རོབ་རྒྱལ་ཁབ་ཁ་ཤས་ནང་བོད་རིགས་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་བར་ལས་འགུལ་མཉམ་རུབ་མི་ཡོང་བའི་དཀའ་ངལ་ཞིག་ལྷགས་ཡོད་པ་ལྟར། འདི་ག་གསར་ཁང་གིས་ཉེ་ཆར་ཧྥ་རན་སིའི་ནང་འཚོགས་པའི་ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་གཉིས་པའི་གོ་སྐབས་དང་བསྟུན། གནས་ཡུལ་རྒྱལ་ཁབ་ཁག་གི་ནང་མཉམ་རུབ་ཀྱི་གནས་སྟངས་གང་འདྲ་ཡིན་མིན། དཀའ་ངལ་གང་ཡོད། འབྱུང་འགྱུར་དཀའ་ངལ་དེ་རིགས་སེལ་ཐབས་བཅས་ཀྱི་ཐད་ལ་ས་གནས་ཁག་གི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། འབྲེལ་ཡོད་མི་སྣ་ཁག་ཅིག་ལ་བཅར་འདྲི་བྱས་པ་ཡིན། 

སི་པན་བོད་རིགས་ཚོགས་པའི་ཚོགས་གཙོའམ་བོད་ཁང་འགན་འཛིན་ཐུབ་བསྟན་དབང་ཆེན་ལགས་ཀྱིས། སི་པན་ནང་ད་ལྟའི་ཆར་བོད་མི་བརྒྱ་དང་གཉིས་ཡོད་པ་རེད། རྒྱལ་སའི་ནང་མ་ངྷི་རི་དུ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེན་པོ་ཞིག་དང་། དེ་མིན་བོད་ཀྱི་གྲོགས་པོ་ཞེས་པའི་ཚོགས་པ་ཁག་གཉིས་གསུམ་ཙམ་ཡོད་པ་རེད། ཡུ་རོབ་ནང་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་བར་མཉམ་རུབ་ཡོང་གི་མེད་པ་དེ་ཡོངས་ཁྱབ་ལྟ་བུ་རེད། ད་རེས་ཀྱི་ཚོགས་ཆེན་སྒང་ནས་ཀྱང་སྐད་ཆ་ཡོང་གི་འདུག སི་པན་ནང་སྤྱིར་བཏང་གི་འབྲེལ་ལམ་ཡག་པོ་ཡོད། མཚམས་ལ་ལར་མཉམ་རུབ་མ་ཡོང་པ་དེ་གཙོ་བོ་བོད་མི་ཚོས་གནས་ཡུལ་རྒྱལ་ཁབ་ཀྱི་སྐད་ཡིག་ཡག་པོ་མ་ཤེས་པ་དང་། རྒྱབ་སྐྱོར་ཚོགས་པ་ཚོས་དུས་ཐུང་ནང་རེ་སྐུལ་ཞུས་ཡོང་དུས་བོད་པ་ཚོ་དུས་ཐོག་ལས་འགུལ་ནང་མཉམ་ཞུགས་མ་ཐུབ་པའི་དཀའ་ངལ་ཡོང་གི་ཡོད་པ་རེད། དེ་མ་གཏོགས་རྐྱེན་གཞན་པ་གང་ཡང་ཡོད་པ་མ་རེད། ལས་འགུལ་མཉམ་རུབ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། ཡུ་རོབ་ནང་བོད་མི་མང་པོ་ཆགས་ནས་ལས་འགུལ་ཁག་གི་འགན་གཙོ་བོ་འཁུར་གི་ཡོད་ནའང་། ལས་འགུལ་མང་པོ་ཞིག་བོད་པ་གཅིག་པུས་ཡོང་གི་མ་རེད་ལ། རྒྱབ་སྐྱོར་བ་གཅིག་པུས་ཀྱང་ཡོང་གི་མ་རེད། ལོ་ཤས་གོང་སི་པན་ནང་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ཁྲིམས་གཏུགས་བྱས་པ་རེད། འདི་ལྟ་བུ་ལ་ཆ་བཞག་ན་མཉམ་རུབ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མི་སྒེར་གང་ཡིན་རུང་འགའ་ཤས་ནང་ཆོས་ལ་དོ་སྣང་དང་། འགའ་ཤས་བོད་ཀྱི་རིག་གཞུང་། འགའ་ཤས་བོད་ལ་རོགས་སྐྱོར། ཡང་འགའ་ཤས་ཆབ་སྲིད་གཅིག་པུའི་སྒང་ནས་རྒྱབ་སྐྱོར་གནང་གི་ཡོད་དུས། ལས་འགུལ་གཅིག་པུ་མིན་པར་ནམ་རྒྱུན་གྱི་འབྲེལ་ལམ་དེ་གལ་ཆེན་པོ་རེད་བསམས། སི་པན་ནང་བོད་རིགས་ཚོགས་པ་ཡོད་ནའང་རྐང་བོད་ཁང་གིས་འཛིན་གི་ཡོད། བོད་ཁང་ནང་ཕྱི་རྒྱལ་བ་མང་པོ་རེད། ང་ཚོས་བདུན་ཕྲག་རེའི་ནང་ནང་ཆོས་ངོ་སྤྲོད་དང་། ནམ་རྒྱུན་འགྲེམས་སྟོན་དང་། བོད་ཀྱི་སྨན་རྩིས་ངོ་སྤྲོད།  རྩ་རླུང་དང་སྒོམ་སྒྲུབ་བྱེད་སྟངས་སོགས་ངོ་སྤྲོད་བྱེད་གི་ཡོད་། འདིས་འབྲེལ་ལམ་ལ་ཕན་ཐོགས་གི་འདུག དུས་རྒྱུན་འདི་འདྲའི་འབྲེལ་ལམ་དང་ལས་འགུལ་ནང་མཉམ་ཞུགས་བྱེད་ཐུབ་པ་ཡིན་ན་མཉམ་རུབ་མུ་མཐུད་ནས་ཡོང་གི་རེད་བསམ། 

ཨི་ཊ་ལི་བོད་རིགས་ཚོགས་པའི་ཚོགས་གཞོན་ཐུབ་བསྟན་བསྟན་འཛིན་ལགས་ཀྱིས། ད་ལྟའི་ཆར་ཨི་ཊ་ལིའི་ནང་བོད་པ་ཉིས་བརྒྱ་བདུན་ཅུ་ཙམ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་གསུམ་ཙམ་ཡོད། སྤྱིར་བཏང་ང་ཚོ་འབྲེལ་བ་ཡག་པོ་ཡོད། ཡིན་ན་ཡང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་ཁུལ་གྱི་རྙོག་དྲས་རྐྱེན་དང་། སྐབས་རེར་བོད་རིགས་ཚོགས་པ་ལྷན་དུ་ལས་འགུལ་རྩོམ་དུས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོས་ང་གཙོ་བོ་ཡིན་མདོག་དང་། ལས་ཀ་མང་བ་ངས་བྱས་པ་ཡིན་ཟེར་བ་འདྲ་བོ། དེ་ག་ནང་བཞིན་ཨེ་ཊ་ལིའི་བོད་པ་ཚོ་ཁ་འཐོར་ནས་ཡོད་སྟབས་གློ་བུར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པས་ལས་འགུལ་སྤེལ་སྐབས་མཉམ་ཞུགས་ཏག་ཏག་མ་ཡོང་བའི་དབང་གིས་དཀའ་ངལ་འཕྲད་ཀྱི་འདུག དེ་འདྲ་རེད་མ་གཏོགས་དཀའ་ངལ་འཕྲད་ནས་ལས་འགུལ་སྤེལ་མ་ཐུབ་པ་དང་། འཐུས་ཤོར་ལ་སོང་བ་དེ་འདྲ་མ་རེད། ཡར་རྒྱས་ལ་མཐའ་མེད་དུས་ཡར་རྒྱས་གཏོང་དགོས་ཀྱི་ཡོད་པ་རེད། དཀའ་ངལ་དེ་འདྲ་ལ་སྐྱོན་ཡོད་པ་མ་རེད་བསམ་གྱི་འདུག ང་ཚོ་བོད་རིགས་ཚོགས་པས་རྒྱབ་སྐྱོར་བ་ཚང་མར་འབྲེལ་བ་ཆ་སྙོམ་བྱེད་ཀྱི་ཡོད། ས་གནས་ཀྱི་དབང་གིས་ཚོགས་པ་གཅིག་ལ་འབྲེལ་བ་ཤུགས་ཆེར་བྱས་པ་དེ་འདྲ་ཡོང་གི་རེད། འབྲེལ་བ་དང་ལས་འགུལ་ཚང་མ་གཅིག་པ་ཡོང་གི་མ་རེད། ང་རང་མི་སྒེར་གྱི་ཉམས་མྱོང་ལ་གཞིགས་ན། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་ཚོགས་པ་གང་ཡིན་ཡང་། རྒྱུན་ལས་གནང་མཁན་ཚོའི་བར་མི་སྒེར་གྱི་འབྲེལ་བ་འཛིན་རྒྱུ་གལ་ཆེན་པོ་རེད། མི་སྒེར་གྱི་འབྲེལ་བ་ཡག་པོ་ཡོད་ན་ལས་ཀ་བྱེད་བདེ་བ་དང་། ལས་ཀ་ཡག་པོ་ཡོང་གི་རེད། བོད་རིགས་སྤྱི་མཐུན་ཚོགས་པ་ཚོ་བོད་པའི་རྩ་དོན་དང་འབྲེལ་བའི་ཚོགས་པ་རེད། རྒྱབ་སྐྱོར་ཚོགས་པ་ཚོ་ནང་བཞིན་ག་དུས་ཡིན་ན་ལས་འགུལ་གཅིག་མ་སྤེལ་པར་ཐབས་ལམ་གསར་བ་འདྲ་བཙལ། ང་ཚོས་འདི་འདྲ་བྱེད་ཀྱི་ཡོད། རྒྱབ་སྐྱོར་གནང་རོགས་ཞེས་ཞུ་རྒྱུ་གལ་ཆེན་པོ་རེད།  ལས་འགུལ་ང་ཚོས་བརྩམས། རྒྱབ་སྐྱོར་ཁོང་ཚོར་ཞུས་ན་ཡག་པོ་ཡོད་པ་རེད། སྐབས་རེར་ང་ཚོ་ལྷོད་གཡེང་ཤོར་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོ་བོད་པའི་རྩ་དོན་དང་འབྲེལ་བའི་ཚོགས་པ་ཆགས་མི་སྲིད་པ་མ་རེད་ལ། ས་གནས་དང་ལས་ཁུངས་སོགས་ཀྱིས་ཀྱང་རྩ་དོན་ཐད་འབྲེལ་བ་བྱེད་ས་ཁོ་ཚོ་བྱེད་མི་སྲིད་མ་རེད། སོང་ཙང་ང་ཚོ་རྩ་དོན་སྒྲུབ་མཁན་དང་ཁོ་ཚོ་རྒྱབ་སྐྱོར་བྱེད་མཁན་ཡིན་པའི་བར་ཐག་ཕྱེ་རྒྱུ་གལ་ཆེན་པོ་རེད་བསམ་གི་འདུག

བྷེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཙ་ཡེ་སྐལ་བཟང་ལགས་ཀྱིས། ད་ལྟའི་ཆར་བྷེལ་ཇམ་ནང་བོད་པ་ཆིག་སྟོང་ཉིས་བརྒྱ་ལྷག་དང་། ཧོ་ལན་ཌིའི་སྐད་བཤད་ས་དང་ཧྥ་རན་སིའི་སྐད་བཤད་སའི་ས་ཁུལ་གཉིས་ཀར་བོད་དོན་རྒྱབ་སྐྱོར་ཚོགས་པ་རེ་ཡོད་པ་རེད། སྤྱིར་བཏང་མཐུན་ལམ་ཡོད་ཡོད་པ་རེད། དཔེར་ན་གསུམ་བཅུའི་དུས་དྲན་ལྟ་བུ་ཞིག་ཡིན་ན། བོད་རིགས་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། ས་གནས་གཞོན་ནུ་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག་ཚོགས་པ་ཚང་མ་མཉམ་འབྲེལ་གྱིས་བརྩི་སྲུང་བྱེད་ཀྱི་ཡོད་པ་རེད་ལ། ང་ཚོའི་ངོས་ནས་དེ་གལ་ཆེན་པོར་བརྩི་བཞིན་ཡོད། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འབྲེལ་བ་ཡག་པོ་ཡོང་མིན་ཟེར་བ་དེ། གཙོ་བོ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་ཀ་བྱེད་མི་དེ་གཙོ་བོ་ཕྱི་རྒྱལ་པ་རང་ཡིན་པ་དང་། བོད་པ་ཚང་མ་བྲེལ་འཚུབ་ཆེན་པོ་ཡིན་དུས་ལས་འགུལ་སྤེལ་སྐབས་བོད་པ་སླེབས་ཐུབ་ཀྱི་ཡོད་པ་མ་རེད། སྐབས་རེར་ཁོང་ཚོ་དེ་འདྲའི་ཐོག་ལ་བློ་ཕམ་སྐྱེས་ཀྱི་འདུག ང་ཚོའི་ངོས་ནས་ཆུ་ཚོད་བློས་བཏང་ནས་ལས་འགུལ་སྤེལ་དུས་བོད་པ་ཡོང་གི་མི་འདུག་ཟེར་ཀྱི་འདུག ཡིན་ན་ཡང་ང་ཚོའི་འབྲེལ་བར་གནོད་སྐྱོན་འགྲོ་བ་དེ་འདྲ་མ་རེད། ང་ཚོར་གཅིག་གིས་གཅིག་ཁས་མི་ལེན་པ་དང་བརྩི་བཀུར་མི་བྱེད་པ་དེ་འདྲའི་དཀའ་ངལ་རྩ་བ་ཉིད་ནས་མེད། ཕན་ཚུན་བརྡ་འཕྲོད་མིན་དཀའ་ངལ་མཚམས་རེར་ཡོང་གི་ཡོད་པ་རེད། ཚོགས་པ་གཉིས་དེ་མཉམ་དུ་འགྲོ་དགོས་པ་དེ་གལ་ཆེན་པོ་རེད། འགྲོ་མ་ཐུབ་པ་ཡང་ཡོད་པ་མ་རེད། དཀའ་ངལ་དེ་སེལ་ཐབས་ད་རེས་ཚོགས་འདུའི་སྐབས་སུ་སྐད་ཆ་གསལ་བོ་བྱུང་སོང་། བོད་རིགས་ཚོགས་པར་ལས་ཁུངས་དང་རྒྱུན་ལས་ལས་བྱེད་ཅིག་ཡོད་པ་དེ་འདྲ་ཞིག་དགོས་ཀྱི་འདུག་གསུངས་སོང་། ང་ཚོར་ས་གནས་རང་གི་ལས་ཁུངས་དང་། གློག་ཀླད། དཔར་འདོན་འཕྲུལ་ཆས་སོགས་རིན་མེད་ཐོག་ཡོད། དེའི་ནང་ལ་གཏན་འཇགས་ལས་ཀ་བྱེད་མཁན་མེད་ཙང་། ཡིག་འབྲེལ་སོགས་ལས་ཀ་མང་པོ་ཞིག་ཁོང་ཚོས་བྱས་པ་ནང་བཞིན་ང་ཚོས་བྱེད་རྒྱུ་ཁག་པོ་འདུག གཙོ་བོ་ཞིག་དེ་རེད། ཁ་སང་ཚོགས་འདུའི་ནང་གོ་བསྡུར་བྱུང་བ་ནང་བཞིན་ང་ཕར་སོང་ནས་ལམ་སེང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་པ་དང་འབྲེལ་བ་ཡོད་པའི་ཚོགས་པ་ཁག  དེ་བཞིན་བོད་པའི་ཆབ་སྲིད་དང་འབྲེལ་བའི་ཐོག་ལས་ཀ་བྱེད་ཀྱི་ཡིན་ཟེར་མཁན་དེ་ཚོར་བོད་རིགས་ཚོགས་པའི་ངོས་ནས་ཚོགས་འདུ་ཞིག་གོ་སྒྲིག་བྱས་ཏེ། ལོ་གཅིག་གི་ལས་འཆར་གཏན་འབེབ་བཟོས། བོད་རིགས་ཚོགས་པའི་ངོས་ནས་ལས་ཀ་འདི་འདྲ་ཞིག་བྱེད་དགོས་ཀྱི་ཡོད་བསམ་པ་ཞིག་དང་། ལས་ཐུབ་པ་ཞིག་ཡོད་ན་ཁོང་ཚོའི་ངོས་ནས་ཀྱང་འདི་འདྲ་ཞིག་བྱེད་དགོས་ཡོད་བསམ་པ་ཞིག་ཡིག་ཐོག་ནས་བཟོས། ལོ་གཅིག་ལ་ཚོགས་ཆེན་དེ་འདྲ་ཐེངས་གཅིག་ཚོགས། ལོ་གཅིག་གི་ལས་འཆར་དང་ལས་རིམ་གང་བྱེད་དགོས་པ་ཚོ་གཏན་ལ་ཕབས་ནས། ཚོགས་པ་ཁག་གཉིས་ཆས་མོས་མཐུན་ཡོད་པའི་ཡིག་ཆ་ཞིག་ཡོད་ན། ཕལ་ཆེར་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དང་། བརྟན་པོ་བཟོ་རྒྱུའི་ཆེད་ཕན་ཐོག་ཡོང་ས་རེད་བསམ་གྱི་འདུག 

ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཆུང་བདག་ལགས་ཀྱིས། ནོར་ཝེའི་ནང་ད་ལྟའི་ཆར་བོད་པ་ལྔ་བཅུ་དང་། དེའི་སྒང་བོད་རང་སྐྱོང་ལྗོངས་ཁོངས་ནས་ཡོང་བའི་སློབ་ཕྲུག་ཉི་ཤུ་དང་ཨ་མདོའི་ཁུལ་ནས་སློབ་ཕྲུག་གསུམ་ཡོད་པ་རེད། བོད་དོན་རྒྱབ་སྐྱོར་ཚོགས་པ་གཅིག་རང་ལས་མེད། ང་རང་ཚོགས་གཙོ་ཡིན། སྤྱིར་བཏང་ནོར་ཝེ་ནང་བོད་པ་ཉུང་ཉུང་དང་། ཚང་མ་ཚོགས་པ་འདིའི་ཚོགས་མི་ཡིན་སྟབས་མཐུན་ལམ་ཧ་ལས་པའི་ཡག་པོ་ཡོད། དཀའ་ངལ་ཁྱོན་ནས་མེད། ས་གནས་གཞན་པའི་ནང་དཀའ་ངལ་ཡོང་གི་ཡོད་པ་དེ་དངོས་ཡོད་རེད། ཧྥ་རན་སི་ལྟ་བུ་ཡིན་ན་རྒྱབ་སྐྱོར་ཚོགས་པ་མང་དྲགས་པ་དང་། ཁོང་ཚོ་ནང་ཁུལ་མ་འཆམ་པ་ཡོད་པ་རེད། ངའི་བསམ་ཚུལ་བྱས་ན་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོའི་ནང་བོད་པ་ཡོད་རྒྱུ་གལ་ཆེན་པོ་རེད། ང་ཚོ་འཐབ་རྩོད་པ་རེད། ཕར་ཕྱོགས་དེ་རྒྱབ་སྐྱོར་བ་རེད། ལས་འགུལ་ཞིག་གི་སྐབས་སུ་གསར་འགོད་པ་ཚོའི་མདུན་ནས་སྐད་ཆ་བཤད་དུས་ཀྱང་རྦད་དེ་འདྲ་གི་མ་རེད། ང་རང་ཚོར་དཀའ་ངལ་དང། ག་རེ་དགོས་ཀྱི་ཡོད་མེད་ང་ཚོས་གསལ་བོ་ཤེས་ཀྱི་རེད། བོད་པ་ཞིག་ཡིན་ན་སོ་སོའི་ན་ཚ་བཏོན་ནས་བཤད་གི་རེད་། དེ་ཡིན་དུས་བོད་པ་ཚོ་རྒྱབ་སྐྱོར་ཚོགས་པའི་ནང་ཞུགས་དགོས་ཀྱི་འདུག རྒྱབ་སྐྱོར་ག་རེ་བྱེད་དགོས་མིན་དེ་ང་ཚོས་བཤད་དགོས་ཀྱི་ཡོད་པ་རེད། ང་ཚོས་མ་བཤད་ན་ཁོ་ཚོ་ལམ་ཁ་འགྲོ་སྟངས་ནོར་སྲིད་པ་རེད། སྔོན་མ་བོད་དོན་རྒྱབ་སྐྱོར་ཚོགས་འདུ་དེ་འདྲའི་སྒང་ལ་བོད་རིགས་ཚོགས་པ་འགྲོ་གི་ཡོད་པ་རེད། ད་རེས་ཕྱི་ཟླ་བཅུ་གཅིག་པའི་ནང་ལྡི་ལིར་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྟེང་བོད་རིགས་ཚོགས་པ་ཁག་ཤོག་གསུང་གི་ཡོད་པ་རེད། དེ་འདྲའི་སྒང་ལ་སོང་ནས་ཕན་ཚུན་གོ་བསྡུར་དང་སྦྱང་བཤད་བྱེད་ཐུབ་ན་དཀའ་ངལ་སེལ་འགྲོ་གི་རེད།

དབྱིན་ལན་བོད་རིགས་ཚོགས་པའི་ཚོགས་གཙོ་སྤེན་པ་བློ་བཟང་ལགས་ཀྱིས། དབྱིན་ལན་ནང་བོད་པ་ལྔ་བརྒྱ་དྲུག་བརྒྱ་ཙམ་ཡོད། བོད་དོན་རྒྱབ་སྐྱོར་ཚོགས་པ་གསུམ་བཞི་ཙམ་ཡོད་པ་རེད། ང་རང་གིས་རྒྱུན་ལས་ནང་ལས་ཀ་བྱས་ནས་ལོ་གཉིས་གསུམ་ཙམ་འགྲོ་གྲབས་ཡོད། རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་ལམ་འཛིན་རྒྱུ་གལ་ཆེན་པོར་བརྩི་གི་ཡོད། བོད་རིགས་ཚོགས་པའི་ནང་ལ་ཁོང་ཚོ་ནང་བཞིན་གྱི་ཤེས་ཡོན་ཡོད་མཁན་དང་། ལུང་པའི་ཁྲིམས་དང་ལུགས་སྲོལ་ལ་གོམས་བྱང་ཡོད་མཁན། སེམས་ཤུགས་ཡོད་པ་ནང་བཞིན་དུས་ཚོད་ཏག་ཏག་གཏོང་ཐུབ་མཁན་དཀོན་པོ་རེད། སྤྱིར་བཏང་ཚོགས་པ་ལྔ་དྲུག་པོ་མཐུན་ལམ་ཡག་པོ་ཡོད། མཚམས་རེར་མཉམ་རུབ་ཀྱིས་ལས་འགུལ་སྤེལ་སྐབས་དཀའ་ངལ་ཏོག་ཙམ་འཕྲད་ཡོང་གི་འདུག ཉེ་ཆར་གསུམ་བཅུའི་དུས་དྲན་སྐབས་སུ་དབྱིན་ཇི་གཞུང་གིས་བོད་རྒྱའི་ཐད་ཀྱི་ལངས་ཕྱོགས་གང་ཡིན་པ་དང་། སི་ཝུ་སི་ཡི་རང་ཐག་རང་གཅོད་ལ་འགྱུར་བ་གཏོང་དུས་ང་ཚོས་མཉམ་རུབ་ཀྱིས་སྙན་ཞུ་ཕུལ་བ་ཡིན། སྐབས་དེ་དུས་ང་ཚོ་བོད་པའི་ངོས་ནས་དབུ་མའི་ལམ་ཡིན་འདྲ་བོ་ཞིག་བཤད་ཡོད་པ་རེད། ཚོགས་པ་ཁ་ཤས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་པར་མནར་སྤྱོད་གཏོང་གི་ཡོད་པའི་སྐོར་ཤུགས་ཆེན་པོས་བཤད་ཡོད་པ་རེད། ཁ་ཤས་ཀྱིས་རང་བཙན་སྐོར་ཤུགས་ཆེན་པོ་བཤད་པ་རེད། དེ་འདྲའི་བསམ་ཕྱོགས་གཅིག་ཐོག་འབབ་པ་ལ་དུས་ཚོད་གང་འཚམ་ཤོར་འགྲོ་གི་འདུག  དེ་མ་གཏོགས་ལས་འགུལ་ག་རེ་ཡིན་ནའང་བོད་པ་ཚོས་མགོ་འཁྲིད་འགྲོ་གི་ཡོད་པ་རེད། དེ་ལ་རྒྱབ་སྐྱོར་ཚོགས་པ་ཚོའི་ངོས་ནས་མཉམ་རུབ་དང་མཐུན་འགྱུར་མ་འདང་བའི་དཀའ་ངལ་ད་བར་འཕྲད་མ་སོང་། ང་ཚོ་བོད་རིགས་ཚོགས་པའི་ངོས་ནས་བལྟས་ན། བོད་པ་གཅིག་པུས་ལས་ཀ་བྱེད་མི་ཐུབ་པ་གང་ཡང་མི་འདུག་ལ།  ལས་འགུལ་ག་རེ་སྤེལ་བ་ཡིན་ནའང་གཙོ་བོ་བོད་པ་ཡིན་པའི་རྣམ་པ་དེ་ཤུགས་ཆེན་པོ་སྟོན་དགོས་ཀྱི་འདུག རྒྱབ་ལ་རྒྱབ་སྐྱོར་པ་ཁོང་ཚོའི་མིང་ཡང་ཡོང་དགོས་པ་གལ་ཆེན་པོ་རེད། ཁོང་ཚོ་རང་གི་ལུང་པར་ཆ་རྒྱུས་ཆེ་བ་ཡོད་པ་རེད། ཤེས་ཡོན་དང་ཉམས་མྱོང་ཆེ་བ་ཡོད་པ་རེད། དེའི་སྒང་ལ་ཁོང་ཚོ་མང་ཆེ་བར་དུས་ཚོད་ཀྱི་དཀའ་ངལ་ཡོད་པ་མ་རེད། ང་ཚོས་སོ་སོའི་ལྟོ་གོས་དོན་ལ་དཀའ་ལས་རྒྱག་དགོས་ཀྱི་ཡོད་པ་རེད། འགའ་ཤས་སེམས་ཤུགས་དང་དང་བླངས་སྒོ་ནས་ཡོང་གི་ཡོད་ནའང་། མང་པོ་ཞིག་གིས་སོ་སོའི་ལས་ཀའི་སྒང་ལ་མགོ་འཁོར་ནས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་བོད་པ་ཚོར་དུས་ཚོད་ཀྱི་ཐོག་ནས་དྲང་པོར་བཤད་ན་དཀའ་ངལ་ཡོད་པ་རེད། དཀའ་ངལ་ཆུང་ཚགས་རིགས་ཡོད་ནའང་། དགོངས་པ་རྒྱ་ཆེ་ཙམ་བཞེས་ཐུབ་ན་དམིགས་ཡུལ་ཚང་མ་གཅིག་པ་ཆགས་བསྡད་ཡོད་པ་རེད། བོད་རང་བཙན་དང་དབུ་མའི་ལམ་གང་ཡིན་ཡང་ཐག་རིང་ནས་མི་འདྲ་བ་མ་གཏོགས་ལས་ཀ་གཅིག་པ་འཁེལ་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་མཉམ་དུ་ལས་ཀ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། 

ཧྥ་རན་སུའི་བོད་རོགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། ཧྥ་རན་སིར་བོད་པ་མི་གྲངས་གཅིག་སྟོང་མ་ཟིན་ཙམ་ཡོད། སྐུ་ཚབ་དོན་གཅོད་ཀྱིས་གྲངས་བཤེར་བྱས་པ་ལྟར་ན་བོད་དོན་རྒྱབ་སྐྱོར་ཚོགས་པ་དྲུག་ཅུ་བདུན་ཅུ་ཙམ་ཡོད། རྩ་བའི་ཆ་ནས་འབྲེལ་བ་ཡག་པོ་ཡོད།  བོད་རིགས་ཚོགས་པས་གོ་སྒྲིག་གི་འོག་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོ་ཡང་ཡོང་གི་ཡོད་པ་རེད། ༢༠༠༨ལོར་ཨོ་ལིམ་པིཀ་དཔལ་འབར་ཧྥ་རན་སི་ནས་སྐོར་སྐྱོད་བྱེད་སྐབས་བོད་རིགས་ཚོགས་པའི་མགོ་ཁྲིད་འོག་ཕྱིན་ཡོད་པ་རེད། ཡིན་ན་ཡང་། མཁྱེན་དགོས་པ་ཞིག་ལ། སྔོན་མ་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁོ་ཚོ་ནང་ཁུལ་འཆམ་གི་མ་རེད་ལབ་ནས་སྐད་གྲགས་ཡོད་པ་རེད། དེང་སང་ལས་འགུལ་སྤེལ་དུས་བོད་རིགས་ཚོགས་པའི་ནུས་པ་ཤུགས་ཆེན་པོ་ཆགས། ཧྥ་རན་སུའི་གཞུང་དང་འབྲེལ་ཡོད་ཚན་པ་ཁག་གིས་ཀྱང་བོད་རིགས་ཚོགས་པ་མཁྱེན་གྱི་ཡོད་པ་དང་། ཕྱི་རྒྱལ་པ་ཡིན་ན་ཡང་གསན་འཇོག་བྱེད་པར་ཕན་ཐོགས་ཡོད་ཙང་། ཁོང་ཚོས་ལས་འགུལ་རྣམ་གྲངས་མང་པོ་སྤེལ་གྱི་འདུག མཚམས་མཚམས་ལ་ང་ཚོ་བོད་རིགས་ཚོགས་པའི་ཚབ་བྱས་ནས་འགྲོ་གི་ཡོད། མཚམས་རེ་ལ་ང་ཚོར་རང་རང་གི་ལས་འགན་མང་པོ་ཡོད་དུས་འགྲོ་མ་ཐུབ་པ་དེ་འདྲ་ཡོང་གི་ཡོད་རེད། དེ་འདྲ་ཡིན་ཙང་བོད་པས་བྱེད་ཀྱི་མི་འདུག་ཟེར་པ་དེ་ཁོ་ཚོའི་ཁ་ལ་བྱང་བསྡད་ཡོད་པ་རེད། ང་བོད་དོན་རྒྱབ་སྐྱོར་ཚོགས་པ་སུ་དང་ཐུག་པ་ཡིན་ནའང་། ངས་ཁོང་ཚོར་ང་ཚོས་ཁ་གཏད་གཅོག་ས་དེ་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་པའི་སྲིད་ཇུས་དེ་རེད། དྲང་པོ་དྲང་བཞག བདེན་པ་དང་རྫུན་མ། དེའི་ཐོག་ལ་ང་ཚོས་ཁ་གཏད་གཅོག་དགོས་ཀྱི་འདུག རྒྱ་ནག་གི་མི་རིགས་ལ་ཁ་གཏད་གཅོག་གི་ཡོད་མ་རེད། བོད་རིགས་ཚོགས་པའི་འགན་སུས་འཁུར་དང་མགོ་ཁྲིད་སུ་ཡིན་དེ། དམངས་གཙོའི་འགྲོ་ལུགས་ལྟར་འོས་ཤོག་བླུགས་ནས་འདེམས་པ་རེད། ཁྱེད་ཚོ་མི་སྒེར་གྱི་སྣང་བར་འགྲོ་མི་འགྲོ་བཤད་ན་བོད་པའི་དམངས་གཙོ་ལ་མཐོང་ཆེན་མ་བྱས་པ་ཞིག་རེད་ཅེས་བཤད་བསྡད་ཡོད། མཉམ་རུབ་བྱེད་དགོས་མིན་གྱི་གནད་དོན་གཉིས་འདུག ཁག་གཅིག་བོད་པ་ཁོ་ནས་བྱེད་དགོས་པ་ཡོད་རེད། ཆབ་སྲིད་ལས་འགུལ་དང་གློག་བརྙན། གསར་འགོད་གསལ་བསྒྲགས་ཀྱི་སྐབས་སུ་ཁོང་ཚོ་ཚང་མར་བརྡ་ལན་སྤྲོད་ཀྱི་ཡོད།  རྩ་བའི་༸གོང་ས་མཆོག་ལ་དད་མོས་ཡོད་པ། བོད་མི་རིགས་ལ་དགའ་བོ་ཡོད། བོད་མི་རིགས་ཀྱི་མ་འོངས་པའི་ཆབ་སྲིད་གནས་ཚུལ་ལ་ཐུགས་འཁུར་བྱས་ནས་ལྷག་བསམ་ཡོད་པ། ཁོ་རྩ་ཆེན་པོ་ཡིན་པ་ང་ཚོ་བོད་པ་ཚོས་རྩ་ཆེན་པོར་བརྩི་བཞིན་ཡོད། ཁ་སང་ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་སྐབས་གཉིས་པའི་སྟེང་གྲོས་ཆོད་བཞག་པ་བཞིན་དུ་སྔོན་ན་ལོ་གཉིས་གསུམ་ནང་ལ་ཡུ་རོབ་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚང་མ་མཉམ་འབྲེལ་གྱིས་གསུམ་བཅུའི་དུས་དྲན་བརྩི་སྲུང་བྱེད་པའི་ལམ་སྲོལ་ཞིག་ཡོད་པ་རེད། དེ་རྒྱུན་འཁྱོངས་བྱེད་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད། ༢༠༡༡ ལོའི་ལས་འགུལ་དེ་ཁོང་ཚོར་མོས་མཐུན་ཡོད་ན་ང་ཚོས་ཧྥ་རན་སུ་ལ་གོ་སྒྲིག་བྱེད་ཀྱི་ཡོད། བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཞིག་གིས་གློག་བརྙན་སྟོན་པ་དང་བོད་དོན་ཁྱབ་བསྒྲགས་བྱེད་པའི་ལས་འགུལ་མང་པོ་བརྩམས་ཡོང་གི་འདུག ང་དེ་འདྲ་ས་གནས་བཞི་བཅུ་ལྔ་བཅུ་ཙམ་ལ་ཕྱིན་ཚར་བ་ཡིན། ད་མཉམ་འབྲེལ་ག་རེ་སྒང་ལ་ཡོང་གི་མི་འདུག་ཅེས་ང་སྒེར་གྱི་བསམ་ཚུལ་བཤད་ན། མཚམས་མཚམས་ཁོང་ཚོས་རྒྱ་གར་དེ་འདྲ་ནས་མི་སྐད་གཏོང་གི་འདུག་སྐབས་གནས་ཚུལ་དེ་ང་ཚོར་གསང་བ་བྱས་ནས་ཧྥ་རན་སུ་ལ་དེ་རིང་སང་ཉིན་སླེབས་གྲབས་ཡོད་ན། རྗེས་ནས་ད་ལྟ་ཤོག ང་ཚོས་ཅིག་བྱེད་དགོས་ཀྱི་འདུག་ལབ་དུས་ང་ཚོས་བྱེད་ཐུབ་ཀྱི་མ་རེད། ང་ཚོའི་ངོས་ནས་ཁོང་ཚོས་རྒྱ་གར་ནས་ཆབ་སྲིད་བཙོན་པ་དང་མི་སྣ་གལ་ཆེན་གདན་འདྲེན་ཞུ་དུས་ཟླ་བ་གཉིས་གསུམ་གོང་ནས་བོད་རིགས་ཚོགས་པར་བཤད་ན། མི་དང་དུས་ཚོད་གྲ་སྒྲིག་བྱེད་པ་ལ་ཁྱད་པར་འགྲོ་གི་རེད། དེ་འདྲའི་ཐོག་ལ་མཉམ་འབྲེལ་ཡག་པོ་ཡོང་གི་མི་འདུག ང་ཚོའི་མཛད་རིམ་བང་སྒྲིག་སྟངས་ཐོག་ལ་ཡང་མཉམ་རུབ་བྱེད་དགོས་ཀྱི་འདུག་ཅེས་ཞུས་སྡོད་ཀྱི་ཡོད། 

སུད་བོད་མཐུན་འབྲེལ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་སྟག་ཚང་ལགས་ཀྱིས། སུད་སིར་ད་ལྟ་བོད་མི་བཞི་སྟོང་མ་ཟིན་ཙམ་ཡོད་པ་རེད། རྒྱབ་སྐྱོར་ཚོགས་པ་སུད་བོད་མཐུན་འབྲེལ་ཚོགས་པ་གཅིག་པུ་རེད། འདི་ལོ་ཉེར་དྲུག་སྔོན་ནས་བཙུགས་པའི་ཚོགས་པ་རྙིང་བ་ཞིག་དང་། ཚོགས་མི་སྟོང་ཕྲག་གཉིས་ཙམ་ཡོད་པའི་ནང་བོད་པ་བརྒྱ་ཆ་བཅོ་ལྔ་ཙམ་ཡོད། སུད་སིར་བོད་རིགས་ཚོགས་པ་གཉིས་ཡོད་པ་རེད། ཁོང་ཚོ་དང་འབྲེལ་བ་ཡག་པོ་ཡོད། བོད་རིགས་ཚོགས་པའི་ནང་ཕྱག་ལས་གནང་མཁན་ཚོ་ང་རང་གི་གྲོགས་པོ་དང་། ངོ་ཤེས་རྙིང་བ། སྔོན་མ་ལས་ཀ་མཉམ་པོར་བྱས་མྱོང་མཁན་སོང་ཙང་ལས་འགུལ་མཉམ་རུབ་སོགས་ག་རེ་ཡིན་ནའང་དཀའ་ངལ་མི་འདུག ངའི་བསམ་ཚུལ་བྱས་ན་ས་གནས་དང་རྒྱལ་ཁབ་ཁ་ཤས་ནང་དཀའ་ངལ་འབྱུང་གི་ཡོད་པ་དེ་གཙོ་བོ་ཚོགས་པ་ལ་ལས་ཁུངས་དང་། དུས་རྒྱུན་ནས་ཕྱག་ལས་གནང་མཁན་མེད་པར་སོང་ཙང་དཀའ་ངལ་དེ་ལྷག་ཡོང་གི་ཡོད་ས་རེད། ཁ་སང་ཚོགས་འདུའི་ནང་འདིའི་ཐད་ནས་བསམ་ཚུལ་ཕུལ་བ་ཡིན། ངའི་བསམ་ཚུལ་དེ་རང་གི་ཉམས་མྱོང་སྒང་ནས་ཞུས་པ་ཡིན། ང་ཚོའི་ཚོགས་པ་ལ་ཆ་བཞག་ན་ཚོགས་མི་ཁྱབ་རྒྱ་ཆེན་པོ་དང་། སྒྲོམ་གཞི་དང་སྒྲིག་གཞི་ཡག་པོ། ལས་ཁུངས་དང་། དུས་རྒྱུན་ནས་ཕྱག་ལས་གནང་མཁན་ཡོད། ད་དུང་ང་ཚོས་ཤུགས་ཆེ་རུ་བཏང་ནས་ལོ་རེར་ཚོགས་མི་ལྔ་བརྒྱ་ཙམ་མང་དུ་གཏོང་ཐབས་དང་། དངུལ་བཟོ་སྟངས་ལ་མཁས་པོ་ཡོད་པའི་ལས་ཁུངས་དེ་ཚོ་དང་ལས་འཆར་བཟོས་ནས་ཚོགས་པའི་དངུལ་མང་དུ་གཏོང་རྒྱུའི་འཆར་གཞི་གཏོང་གི་ཡོད། ཚོགས་པ་ཞིག་ཡིན་ན་འདི་གལ་ཆེན་པོ་རེད། བོད་པའི་གནས་སྟངས་ཛ་དྲག་ཡིན་ཟེར་གི་ཡོད་པ་རེད། གྲོས་གྲོགས་འཐུས་མི་དང་། ཆབ་སྲིད་ཕྱག་ལས་གནང་མཁན། ཚགས་པར་ལས་ཀ་བྱེད་མཁན་དེ་ཚོར་འབྲེལ་བ་ཞིག་དགོས་ཀྱི་ཡོད་པ་རེད་ལ། ལས་འགུལ་ཡང་འདྲ་མི་འདྲ་སྤེལ་དགོས་ཀྱི་ཡོད་པ་རེད། སོང་ཙང་ཚོགས་པར་དངུལ་དང་དུས་ཚོད་ཀྱི་དཀའ་ངལ་ཡོད་ན་ཡོང་ཐབས་ཡོད་པ་མ་རེད། ས་གནས་ཁག་གི་བོད་རིགས་ཚོགས་པ་ཡིན་ན་རེད། རྒྱབ་སྐྱོར་ཚོགས་པ་ཚོ་ཡིན་ན་རེད། དང་པོ་ཚོགས་པ་སྲ་ཐག་ཐག་ཅིག་བཟོ་ཐུབ་པ་ཡིན་དཀའ་ངལ་འཕྲད་ཡོང་གི་མ་རེད། གཞན་པ་ག་རེ་འདུག་ཟེར་ན། བོད་རིགས་ཚོགས་པ་དང་རྒྱབ་སྐྱོར་ཚོགས་པ་གང་ཡིན་ཡང་རྒྱུན་ལས་ཚོ་འབྲེལ་ལམ་ཡག་པོ་ཡོད་དགོས་པ་རེད། བོད་པ་ཚོ་རྒྱབ་སྐྱོར་ཚོགས་པ་ཁག་གི་རྒྱུན་ལས་ནང་འཛུལ་རྒྱུ་དེ་ཡང་གལ་ཆེན་པོ་རེད། ཕྱི་རྒྱལ་པ་གཅིག་པུ་ཡིན་ན་མཚམས་རེར་གོ་བརྡ་མ་འཕྲོད་པ་དེ་འདྲ་ཡོང་མི་སྲིད་པ་མ་རེད། ང་ཚོས་བོད་པའི་རྩ་དོན་ཆེད་ཚོགས་པ་ཞིག་བཙུགས་ནས་ཕྱི་རྒྱལ་བ་གཅིག་པུ་ལ་བློ་བཀལ་བཞག་ན་འགྲིག་གི་མ་རེད། 

གསར་འགོད་པ། སྤྲེལ་ནག་པ་ཟླ་བ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “ཡུ་རོབ་བོད་རིགས་དང་བོད་དོན་ལས་འགུལ།

  1. བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནང་ཕྱག་ལས་གནང་མཁན་ཡོང་ལ་འཚམས་འདྲི་ཞུ། ངས་ལོ་གཅིག་གི་སྔོན་ནས་ཁང་པའི་ནང་གད་བརྒྱབ་རྒྱུའི་ཆེད་དུ་ཁྲོམ་ནས་ཕྱག་མ་སྤུས་དག་གཅིག་ཉོས་ནས་ལོ་འཁོར་མོ་གཅིག་ནང་ཕན་ཐོགས་ཆེན་པོ་ཞེ་དྲགས་བྱུང་།

    ཡིན་ནའང་ང་རང་རྒྱུན་དུ་ལས་འབྲེལ་་ཧ་ཅང་ཆེ་བ་མ་ཟད་སྒྱིད་ལུགས་ཅན་ཞིག་ཡིན་སྟབས་ཕྱག་མ་དེར་ག་དུས་ཡིན་ནའང་ཕྱག་མ་གཅིག་རེད་བསམས་ནས་སྣང་ཆུང་དུ་བརྩིས་ནས་བདག་གཅེས་ཡག་པོ་གཅིག་བྱེད་ཐུབ་མེད།

    རིམ་བཞིན་སྣང་བ་ཁྱོན་ནས་མེད་པར་ཕྱག་མའི་རྩ་རྐང་རེ་རེ་བྱས་ནས་ཉུང་དུ་ཉུང་དུ་སོང་ནས་དེ་རིང་ཁ་སང་ཁང་པའི་ནང་དུ་གད་ཕྱིས་གཙང་བཟོ་བྱེད་དགོས་བསམས་ཀྱང་ད་ཆ་ཕྱག་མ་ཉུང་དུ་ཞིག་ལས་ལྷག་མེད་སྟབས་གད་གཙང་མ་གཅིག་རྒྱག་ཐུབ་ཀྱི་མི་འདུག

    དེ་ནི་ངས་སྣང་་ཆུང་ཤོར་བའི་ཕྱག་མའི་སྐོར་གྱི་མྱོང་བ་གཅིག་ཡིན། ཁང་པའི་ནང་གི་གད་ཕྱིས་ཞིག་རྒྱག་པར་ལའང་ཕྱག་མ་སྤྱི་ཡོངས་མཉམ་རུབ་མེད་ན་གད་གཙང་མ་གཅིག་རྒྱག་ཐུབ་ཀྱི་མེད་སྟབས་བོད་རྒྱལ་ཁབ་དང་། བོད་མི་རིགས། བོད་པའི་རིག་གཞུང་། བོད་པའི་སྐད་ཡིག བོད་པའི་སྤྱི་ཚོགས། བོད་མའི་ཁྱད་ཆོས་སོགས་བོད་ཀྱི་རྩ་དོན་ལ་ཐོག་དེ་བས་སྤྱི་པའི་མཐུན་སྒྲིལ་མེད་ན་ལས་དོན་ཆེན་པོ་ཞིག་ག་ལ་བསྒྲུབ་ཐུབ།

    བོད་དོན་མཐུན་སྒྲིལ་ཆེན་པོ་ཁྲི་ལོར་བརྟན་པར་སྨོན།

  2. མི་ནག་ཚང་ལུང་རིགས་རྒྱལ།

    ཕྱི་ཕྱོགས་ནས་དཀའ་ངལ་ཆེན་པོ་ཞིག་གི་མགོ་འབུས་ཚར་འདུག

    བཤད་ཚེགས་འདིའི་རིགས་ལ་ཨ་ཞང་ཚང་གིས་ཀྱང་སྨྲ་ར་ལ་བྱིལ་བྱིལ་གཏོང་བཞིན་དུ་བསམ་བློ་གཏོང་གི་ཡོད་སྲིད།

  3. གསར་འགོད་པ་ཟླ་བ་ཚེ་རིང་ལགས། དུས་ཐོག་ལ་ས་གནས་ས་ཐོག་ནས་གསར་འགྱུར་བཏང་བར་ཐུགས་རྗེ་ཆེ། ཐེངས་འདིའི་ཡོ་རོབ་བོད་རིགས་ཚོགས་ཆེན་གྱི་སྔ་ཕྱིའི་གནས་ཚུལ་ཁག་ཞིབ་ཚགས་ཀྱིས་སྤེལ་སོང་། ད་དུང་འདི་དང་འདི་འདྲ་བའི་ཡོ་རོབ་དང་ཨ་རི། ཨེ་ཤ་ཡ་བཅས་སོགས་བོད་རིགས་ཁ་ཐོར་དག་གི་གནས་ཚུལ་འབོད་ཐུབ་ན་ཧ་ཅང་ཐུགས་ཕན་སོས་ས་རེད། ཡང་བསྐྱར་ཐུགས་རྗེ་ཆེ་ཞུ།