ལིག་ཞོ་པོ་དང་རྒྱ་ནག་གི་དམངས་གཙོའི་བར་ཐག

ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་སྔོན་འགྲོའི་འོས་མིར་མི་སྒེར་དང་ཚོགས་པ་ཁག་བཅས་འོས་གཞི་ ༢༣༧ ལ་སླེབས་ཏེ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིའི་གྲངས་འབོར་གྱི་ཟིན་ཐོ་ལས་བརྒལ་ཡོད།  ད་ལོའི་ཞི་བདེའི་གཟེངས་རྟགས་དེ་ད་ལྟ་རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་སྐུ་ཞབས་ལིག་ཞོ་པོ་ལགས་སུ་ཐོབ་པ་སྤྱི་བསྒྲགས་བྱས་མ་ཐག  མཉམ་འབྲེལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་ (Ban Ki-moon)  ལགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་རྒྱུན་ལས་ནཱ་བེ་ཕེ་ལེ་ (Navi Pillay)  ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཇོ་སེ་མེ་ནེལ་བྷ་རོ་སོ་ (Jose Manuel Barroso)  བོད་མིའི་དབུ་ཁྲིད་༸གོང་ས་མཆོག ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱལ་སྲིད་བློན་ཆེན་ཧེ་ལེ་རེ་ཁི་ལོན་ཌོན་སོགས་གཙོས་པའིནོར་ཝེ་དང་ཐེ་ཝན། འཇར་མན། ཧྥ་རན་སི། ཉི་ཧོང་། ཨོ་སི་ཊི་ལི་ཡ། ཁ་ན་ཌ་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་མང་པོས་སྐུ་ཞབས་ལིག་ཞོ་པའོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་དང་ཁོང་ཀློད་གྲོལ་ཡོང་བའི་རེ་སྐུལ་ཞུས་ཡོད། ཡིན་ནའང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཞི་སྟེ། རྒྱ་གར་དང་རྒྱ་ནག བྷར་རྫིལ། ར་ཤི་ཡ  (BRICs) གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་མནའ་མཐུན་རྒྱལ་ཁབ་བཅུ་དང་། ཨ་རབ་རྒྱལ་ཁབ་དག་གིས་རྣམ་འགྱུར་ཅི་ཡང་བསྟན་མེད་པ་རེད།

 

བཀག་སྡོམ་ཆེན་མོ།

ཕྱི་ཚེས་ ༩ ཉིན་ལིག་ཞོ་པའོ་ཡི་བཟའ་ཟླ་ལིག་ཞཱ་བཙོན་ཁང་དུ་ཁོང་ལ་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་སྐུ་ཞབས་ལིག་ཞོ་པོ་ཡིས་གཟེངས་རྟགས་འདི་ནི་དྲུག་བཞིའི་དོན་རྐྱེན་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་བསྩལ་བ་རེད། ཁོང་ཚོས་རང་ཉིད་ཀྱི་ཚེ་སྲོག་གིས་ཞི་བདེ་དང་དམངས་གཙོ། རང་དབང་སོགས་གཅེས་སྲུང་བྱས་ཡོད། ཅེས་བརྗོད་འདུག་ཀྱང་། ལིག་ཞཱ་ཁོང་གི་བཟའ་ཟླ་དང་ཁ་གྱེས་མ་ཐག རྒྱ་གཞུང་གིས་ཁོ་མོ་མི་གྲལ་ནས་ལོགས་སུ་བཀག་ཉར་བྱེད་མགོ་བརྩམས་ཡོད། ཕྱི་ཚེས་༨ ཉིན་རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་མ་ཀྲོའོ་ཞིས་ཀྱིས། ལིག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་ཕུལ་བ་དེ་ནི་ཞི་བདེ་གཟེངས་རྟགས་ཀྱི་རྩ་འཛིན་དང་འགལ་ཡོད་ཚུལ་དང་། རྒྱ་ནག་གི་བཅའ་ཁྲིམས་ལའང་བརྩི་འཇོག་མ་བྱས་པ་ཞིག་ཡིན་ཚུལ་སྐྱོན་བརྗོད་བྱས་ཡོད་པར་མ་ཟད། རྒྱ་ནག་ནང་ལོགས་སུ་སཱེ་ཨིན་ཨིན་དང་བྷི་བྷི་སི་སོགས་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་བཀག་ཡོད་པ་དང་། རྒྱལ་སྤྱིའི་གནས་འཕྲིན་དྲ་བའི་སྟེང་ལིག་ཞོ་པའོ་དང་འབྲེལ་བའི་གནས་ཚུལ་དག་ཀྱང་བསུབ་ཡོད། ད་དུང་གཟེངས་རྟགས་ལ་རྟེན་འབྲེལ་ཞུ་མཁན་རྒྱ་ནག་ནང་ལོགས་ཀྱི་དམངས་གཙོ་དོན་གཉེར་བ་དང་མང་ཚོགས་རྣམས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད།

ཨུ་རུ་སུའི་ལོ་རྒྱུས་པ་ཆེན་མོ་བྷེ་ལིང་ཇིིན་གྱིས་རྒྱ་ནག་གཞུང་གི་སྐྱོན་བརྗོད་བྱེད་སྟངས་དེའི་ཐད་འགྲེལ་བརྗོད་གནང་དོན།  ཕྱི་ལོ་ ༡༩༧༥ ལོར་སཱ་ཁ་རའོ་ (Sakharov) ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་སྐབས། ཨུ་རུ་སུ་དམར་གཞུང་གིས་གསར་ལམ་ཚང་མར་བཀག་སྡོམ་གྱིས་ཐད་ཀར་གནས་ཚུལ་མ་བསྒྲགས་པར། རྣམ་པ་གཞན་ཞིག་བརྒྱུད་དེ་གསར་ཤོག་ཁག་གི་ནང་ནུབ་ཕྱོགས་པའི་ཨུ་རུ་སུར་ཁ་གཏད་གཅོག་ཀྱིན་པ་དང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ནི་ཨུ་རུ་སུར་ཁ་གཏད་གཅོག་བྱེད་ཀྱི་ལག་ཆ་ཡིན་ལུགས་ཀྱི་སྐྱོན་བརྗོད་བྱས་ཏེ། རྒྱལ་ཁབ་ནང་ལོགས་སུ་གནས་ཚུལ་རྫུན་སྒྲོག་བྱས་ཡོད། ལོ་ངོ་ ༣༥ འདས་པའི་རྗེས་ཀྱི་དེ་རིང་ཡང་། རྒྱ་གཞུང་གིས་ད་དུང་སྔར་གྱི་ཨུ་རུ་སུ་དམར་གཞུང་གི་སྐད་ཆ་དང་ཐབས་ལམ་དག་བསྐྱར་ལྡབ་བྱེད་ཀྱིན་འདུག་ཅེས་བརྗོད་ཡོད།

 

ཞི་བདེ་རྟགས་མའི་གཟི་འོད།

ད་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་སྐུ་ཞབས་ལིག་ཞོ་པོར་ཕུལ་བ་དེར་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུ་ངོས་འཛིན་བྱེད་སྟངས་འདྲ་མིན་ཞིག་ཡོང་གིན་ཡོད། དེའི་ཐད་ཆབ་སྲིད་དཔྱད་བརྗོད་པ་ཁྲིན་ཕོ་ཁུང་གིས་བརྗོད་རྒྱུར། ལིག་ཞོ་པོར་གཟེངས་རྟགས་ཐོབ་པ་དེས། རྒྱ་ནག་མི་དམངས་དུང་ཕྱུར་ ༡༣ ཀྱི་དམངས་གཙོའི་འཚོལ་སྙེག་དང་གྲུབ་འབྲས་ལ་འཛམ་གླིང་མི་དམངས་ཀྱིས་ངོས་ལེན་གནང་བ་མཚོན་ཡོད། མཚོན་རྟགས་རང་བཞིན་གྱི་ལས་དོན་འདིས། ད་ནས་བཟུང་རྒྱ་ནག་གི་དམངས་གཙོའི་ལས་འགུལ་ཐད་སྐུ་ཞབས་ལིག་ཞོ་པོ་ནི་དམངས་ཡོངས་ཀྱིས་རེ་ལྟོས་བྱ་སའི་ཚབ་མཚོན་རང་བཞིན་གྱི་མི་སྣ་ཞིག་ཏུ་འགྱུར་ངེས་ཟེར།  པེ་ཅིན་ཀྱི་དཔྱིད་ཀ་ཞེས་པའི་དུས་དེབ་ཀྱི་གཙོ་སྒྲིག་པ་ཧའོ་ཕེན་གྱིས་བརྗོད་རྒྱུར། ལིག་ཞོ་པོར་གཟེངས་རྟགས་ཐོབ་པ་དེས། འདས་པའི་ལོ་མང་རིང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས་ཆབ་སྲིད་བཅོས་བསྒྱུར་དང་དམངས་གཙོ་མངོན་འགྱུར་མ་བྱུང་བར།  དེ་ལས་ལྡོག་སྟེ་རྒྱ་ནག་གིས་དམག་དོན་ནུས་ཤུགས་མཐོར་འདེགས་དང་འཛམ་གླིང་ཡོངས་ཁྱབ་རིན་ཐང་བརྡལ་བཤིག་བཏང་བ་རེད། དེར་བརྟེནརྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་ཡོངས་ཁྱབ་རིན་ཐང་མཐོར་འདེགས་ཡོང་ཆེད་སྐུ་ཞབས་ལིག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་བསྩལ་བ་རེད། དེ་ཡིས་མ་འོངས་པའི་རྒྱ་ནག་གི་དམངས་གཙོ་འཕེལ་རྒྱས་དང་འཛམ་གླིང་སྤྱིའི་ཞི་བདེ་ཡར་རྒྱས་འབྱུང་བར་དོན་སྙིང་ཟབ་མོ་ལྡན་ཡོད་ཟེར།

 

འབྱུང་འགྱུར་གྱི་རྒྱ་ནག

སྐུ་ཞབས་ལིག་ཞོ་པོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པ་དེས། མ་འོངས་པའི་རྒྱ་ནག་གི་དམངས་གཙོ་དང་ཆབ་སྲིད་བཅོས་བསྒྱུར་ཀྱི་ཐད་ལ་ཤུགས་རྐྱེན་ཅི་ཞིག་འབྱུང་མིན་དེ་ནི་ཉེ་ལམ་རྒྱལ་སྤྱིའི་སྤྱི་ཁྲོད་ཀྱི་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད། ཧོང་ཀོང་གི་སྤྱི་ཚོགས་རིག་པ་བ་ཏེན་ཞེ་ལིང་གིས།  ལིག་ཞོ་པོར་གཟེངས་རྟགས་ཐོབ་པ་དེས་འབྱུང་འགྱུར་གྱི་དུས་ཡུན་རིང་པོའི་ཐད་ནས།  རྒྱ་ནག་གི་དམངས་གཙོ་དང་ཆབ་སྲིད་བཅོས་བསྒྱུར་ལ་སྒུལ་ཤུགས་ཐེབས་སྲིད་པ་དང་། མིག་སྔའི་གནས་སྟངས་ཀྱི་ཐད་ནས་རྒྱ་ནག་ནང་ལོགས་ལ་སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཀག་སྡོམ་བྱེད་ཤུགས་ཆེ་རུ་འགྲོ་སྲིད་པ་དང་། དེ་བཞིན་རྒྱ་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྒྱལ་ཁབ་ཕྱི་ནང་གཉིས་སུ་ལིག་ཞོ་པའོ་ཡི་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་བཏང་སྟེ། ༸ཏཱ་ལའི་བླ་མ་དང་ཨང་སན་སི་སྐྱིད་གཉིས་ཀྱི་དཔེ་མཚོན་ལྟ་བུ་ཞིག་ཏུ་མི་འགྱུར་བར་ཐབས་ཤེས་གང་ཡོད་འདོན་ངེས་ཟེར།

དྲུག་བཞིའི་ཡར་ལངས་ཁྲོད་མཉམ་ཞུགས་གནང་མཁན་ཧྲིན་ཅོན་གྱིས་བརྗོད་དོན། ལིག་ཞོ་པོ་ནི་ཕྱི་ནང་གཉིས་ཀྱི་རྒྱ་རིགས་སྤྱི་ཚོགས་ཁྲོད་མཚན་སྙན་ལྡན་པའི་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་ཞིག་ཡིན་ལ། ཁོང་ལ་གཟེངས་རྟགས་ཐོབ་རྗེས། རྒྱ་ནག་གི་ནང་ལོགས་སུ་མགྱོགས་མྱུར་དམངས་གཙོ་མངོན་འགྱུར་ཡོང་མིན་དེ་ནི་དུས་ཚོད་ཀྱི་རྒྱུ་བ་དང་བསྟུན་ནས་གསལ་བོ་ཆགས་ཡོང་ངེས།  སྤྱིར་སྤྱི་ཚོགས་ཞིག་གི་འགྱུར་ལྡོག་དང་ལྷག་པར་ཏུ་རྒྱ་ནག་ལྟ་བུའི་སྒེར་གཅོད་སྲིད་དབང་གི་རྒྱལ་ཁབ་ཞིག་ལ་མཚོན་ན། སྤྱི་ཚོགས་ཧྲིལ་བོའི་ཕྱོགས་སོ་སོའི་འགྱུར་བ་མཐའ་དག་གཞུང་ནང་ཁུལ་གྱི་ཆབ་སྲིད་རྒྱུ་རྐྱེན་སྣ་ཚོགས་ཀྱི་མཉམ་འདུས་ལ་བརྟེན་དགོས། ཡིན་ནའང་། ད་ལྟ་རྒྱ་ནག་སྤྱི་ཚོགས་ཁྲོད་མིའི་སྤོབས་སེམས་དང་ཀུན་སྤྱོད་ཕྱོགས་ཡོངས་ནས་ཉམས་ཉེས་འབྱུང་བཞིན་པའི་གནས་སྟངས་འདིའི་འོག  ལིག་ཞོ་པོར་གཟེངས་རྟགས་ཐོབ་པ་འདིས་རྒྱ་ནག་སྤྱི་ཚོགས་ལ་བློ་སྤོབས་གསར་བ་ཞིག་བསྐྱེད་སྲིད་ཟེར།

 

བཙོན་ནང་གི་ལིག་ཞོ་པོ།

རྒྱལ་སྤྱིའི་སྟེང་གི་གནད་ཡོད་མི་མང་པོ་དང་རྒྱ་ནག་ཤེས་ལྡན་པ་དང་དམངས་གཙོ་དོན་གཉེར་བའི་ཚོགས་པ་ཁག་གིས་སྐུ་ཞབས་ལིག་ཞོ་པོ་གློད་གྲོལ་ཡོང་བར་རྒྱ་གཞུང་ལ་ཡིག་ངག་གཉིས་ཀྱི་ཐོག་ནས་རེ་སྐུལ་རིམ་པར་ཞུས་ཡོད། ཡིན་ནའང་། རྒྱ་གཞུང་གིས་ཁོང་གློད་གྲོལ་བྱེད་མིན་དེ་ནི་ཧ་ཅང་ཚོད་བགམ་དཀའ་བའི་དོགས་གཞི་ཆེན་པོ་ཞིག་རེད། སྐུ་ཞབས་ལིག་ཞོ་པའོ་བཙོན་གྲོལ་བྱེད་མིན་ཐད། འཇར་མན་རྒྱང་སྒྲོག་ཁང་གི་གསར་འགོད་པ་མཱ་ཐེ་སི་ཝུན་གྱིས་བརྗོད་དོན།  གནས་སྐབས་རིང་རྒྱ་ནག་གཞུང་གིས་ཁོང་ཁྲོའི་ཐོག་ནས་ཨོ་སི་ལོར་རྣམ་འགྱུར་འདྲ་མིན་བསྟན་ཡོད་མོད། དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ཆེན་པོ་ཐེབས་མི་སྲིད། ཡིན་ནའང་། བློ་ཕམ་དགོས་པ་ཞིག་ནི། ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིག་ཞོ་པོ་ཁོང་ཉིད་བཙོན་གྲོལ་འབྱུང་རྒྱུ་ཧ་ཅང་ཁག་པོ་རེད། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་རང་གི་ངོ་སོ་སྲུང་སྟངས་ཀྱི་གཤིས་ལུགས་མཁྲེགས་པོ་དེས་དབང་གིས། སྐུ་ཞབས་ལིག་ཞོ་པོའི་དྲང་སྙོམས་མ་ཡིན་པའི་ཁྲིམས་གཅོད་དེ་ངོས་ལེན་བྱེད་མི་སྲིད་ཅེས་བརྗོད་ཡོད། 

 

རླབས་ཆེན་གྱི་ཞབས་རྗེས།

དྲུག་བཞི་སློབ་མའི་ཡར་ལངས་བྱུང་བ་ནས་ད་ལྟའི་བར་གྱི་མི་ལོ་ ༢༠ ལྷག་གི་རིང་། སྐུ་ཞབས་ལིག་ཞོ་པོས་རྒྱ་ནག་གི་དམངས་གཙོའི་ལས་དོན་ཀྱི་ཆེད་དུ་རྩོམ་འབྲི་དང་བསྒྲགས་གཏམ་སྣ་ཚོགས་སྤེལ་བར་བརྟེན། རྒྱ་གཞུང་གི་བཙོན་འཇུག་བཀག་སྡོམ་འོག་མི་ཚེ་སྐྱེལ་དགོས་བྱུང་ཡོད། ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་དེར་ཡི་རངས་ཆེ་བསྟོད་མཛད་ཆེད། སྔ་ཕྱིར་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་དང་། རྒྱ་ནང་དམངས་གཙོ་སློབ་གསོའི་ཐེབས་རྩ་ཚོགས་པའི་དམངས་གཙོ་དོན་གཉེར་བའི་གཟེངས་རྟགས། རྒྱལ་མཚམས་མེད་པའིི་གསར་འགོད་པའི་མཐུན་ཚོགས་ཀྱི་སྨྲ་བརྗོད་རང་དབང་གཟེངས་རྟགས། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གསར་འགྱུར་ཕུལ་བྱུང་གཟེངས་རྟགས།  ཨ་རིའི་སྨྱུག་ཚོགས་ཀྱི་རང་དབང་རྩོམ་འབྲིའི་གཟེངས་རྟགས། འཇར་མན་སྨྱུག་ཚོགས་ཀྱི་གཟེངས་རྟགས་ཕུལ་ཡོད་པ་རེད། 

སྐུ་ཞབས་ལིག་ཞོ་པའོ་ནི། ཅི་ལིན་ཁྲང་ཁྲོན་གྲོང་ཁྱེར་དུ་སྐྱེས་ཤིང། པེ་ཅིན་དགེ་ཐོན་སློབ་ཆེན་ནས་འབུམ་རམས་པ་སློབ་མཐར་ཕྱིན་རྗེས་དེ་གར་དགེ་རྒན་གྱི་ཕྱག་ལས་གནང་། ༡༩༨༨ ལོར་ཨ་རིའི་ཀོ་ལིམ་བྷེ་ཡ་གཙུག་ལག་སློབ་ཆེན་དང་ཧཱ་ཝེ་གཙུག་ལག་སློབ་ཆེན། ནོར་ཝེ་ཨོ་སི་ལོ་གཙུག་ལག་སློབ་ཆེན་བཅས་སུ་གདན་ཞུས་ཕྱོགས་བསྐྱོད་ཀྱིས་རྒྱ་ནག་དེང་རབས་རིག་གནས་དང་ཆབ་སྲིད་སྐོར་ནས་གཏམ་བཤད་སྤེལ་ཡོད། དྲུག་བཞི་སློབ་མའི་ཡར་ལངས་སྐབས་སྣེ་ཁྲིད་པའི་གྲོས་ཡིན་པར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པ་དང་། བཙོན་གྲོལ་ཐོབ་རྗེས་རང་དབང་དམངས་གཙོའི་སྐོར་རྩོམ་ཡིག་སྤེལ་བར་བརྟེན་ཡང་བསྐྱར་འཛིན་བཟུང་གིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད། ༢༠༠༨ ལོར་༼༠༨ ལོའི་རྩ་འཛིན༽ སྒྲོག་སྦྱངས་བྱས་པར་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་མིང་བཏགས་ཏེ་ཁོང་ལ་ལོ་ ༡༡ ཁྲིམས་ཐག་བཅད་དེ་ད་ལྟ་བཙོན་ཁང་དུ་བསྡད་ཡོད།

 

ཚེ་རིང་རྒྱལ་གྱིས་བསྡུ་སྒྲིག་བྱས།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “ལིག་ཞོ་པོ་དང་རྒྱ་ནག་གི་དམངས་གཙོའི་བར་ཐག

  1. ཕྱི་ལོ་ ༡༨༥༡ ལོར་མན་ཇུ་གོང་མར་ངོ་ལོག་གི་ཟིང་འཁྲུགས་ལངས་ནས་རྒྱ་ནག་མན་ཇུའི་རྒྱལ་ཁབ་ཀྱི་སྲིད་དབང་ཉམས་མགོ་བཙུགས།

    ཕྱི་ལོ་ ༡༩༡༢ ཀྲུང་ཧ་མི་སེར་གྱི་རྒྱལ་ཁབ་མགོ་བཙུགས་བྱས་ནས་གོང་མ་ཁྲི་ལས་ཕོབ་དགོས་པའི་དག་ཐེར་བྱས།

    ཕྱི་ལོ་ ༡༩༢༠ ལོར་མི་སྣ་ ༧ ལས་གྲུབ་པའི་གུ་ཁྲན་ཏང་གསར་འཛུགས་བྱས་ནས་ཁྲིན་ཏུའུ་ཞིའུ་ཚོགས་གཙོར་བདམས།

    ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གུང་ཁྲན་ཏང་དབུ་བརྙེས་པའི་ཁྱབ་བསྒྲགསབྱས་ནས་གཙོ་འཛིན་མའོ་ཙེ་ཏུང་གིས་སྣེ་འཁྲིད་བྱས།

    ཕྱི་ལོ་ ༢༠༡༠ བར་ཁྱོན་ལོ་ ༦༠ ནང་རྒྱ་ནག་འདི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཚན་རིག་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཚད་མེད་ངང་མུ་མཐུད་འཕེལརྒྱས་འགྲོ་བཞིན་ཡོད།

    ཕྱི་ལོ་ ༡༩༨༩ ལོར་ཞིའུ་ཞའོ་པོ་སོགས་ཀྱིས་སྣེ་འཁྲིད་དེ་པེ་ཅིང་ཐང་ཆེན་དུ་ཞི་བའི་ངོ་རྒོལ་གྱིས་ལས་གཞི་སྤེལ།

    ཕྱི་ལོ་ ༢༠༡༠ ལོར་སྐུ་ཞབས་ལིའུ་ལ་ཞེ་བདེའི་གཟེངས་རྟགས་སྤྲད་ནས་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་རྒྱུའི་དམིགས་འབེམ་བཟུང་།

    གོང་གི་ལོ་རབས་དང་དུས་རབས་ཀྱི་དབྱེ་སྟངས་ཐདན་ནས་བལྟས་ན་ད་དུང་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུར་ལོ་ཇི་ཙམ་འགོར་མིན་རོབ་ཙམ་ཚོད་བགམ་བྱེད་ཐུབ།

    ཁྲིན་ཏུའུ་ཞི་སོགས་མི་སྣ་བདུན་ལས་གྲུབ་པའི་མི་སྣ་དག་གུང་ཁྲན་ཏང་མགོ་འཛུགས་མཁན་ཡིན་ཀྱང་སྲིད་དབང་གི་ཁ་ལོར་བསྒྱུར་མཁན་ནི་བློ་རིག་གསལ་བའི་མའོ་ཙེ་ཏུང་གིས་སྣེ་འཁྲིད་དེ་དུས་རབས་གསར་པའི་སྒོ་མོ་ཕྱེ་ཡོད།

    སྐུ་ཞབས་ལིའུ་ཞའོ་པའོ་སོགས་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་མཁན་གྱི་སྣེ་འཁྲིད་མི་སྣ་ཡིན་ཀྱང་རྒྱ་ནག་དམངས་གཙོ་གསར་པའི་ལེ་ཚན་ཁ་འབྱེད་གྱི་མི་སྣ་ཞིག་མིན་ནའང་ཁོང་གི་དང་འདྲ་བར་བློ་རིག་གྲུང་བའི་མི་སྣ་གཅིག་གིས་ནམ་ཞིག་དམངས་གཙོའི་སྣེ་འཁྲིད་་དེ་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུར་ཐེ་ཚོམ་མེད།

    བར་ཐག་རིང་བའི་ལོ་རབས་དེའི་འདྲའི་ནང་རྒྱ་ནག་མི་དམངས་དུང་ཕྱུར་ ༡༣ ལྷག་ཙམ་གྱི་ད་དུང་དཀའ་ཚེགས་དང་། ཉེན་ཁ། འཇིགས་སྣང་། མནར་གཅོད། ཁྱོད་ཤི་ང་གསོན་གྱི་བྱ་གཞག་རབ་དང་རིམ་པ་མུ་མཐུད་མྱོང་དགོས་ལ་གྲུབ་འབྲས་ཀྱང་སོན་རྒྱུར་དོགས་པ་ཁྱོན་ནས་མེད།

  2. རླབས་ཆེན་གྱི་ཞབས་རྗེས་དང་།
    ཞུམ་པ་མེད་པའི་སྙིང་སྟོབས་ཅན་གྱི་སྐྱེས་བུ་དེས་གཟེངས་རྟགས་ཡོད་ཚད་བཞེས་སོང་ལ།
    བདེན་པའི་ངར་སྒྲ་སྒྲོགས་སོང་།
    མི་སེམས་ལ་སྤོབས་པ་སྦྱིན་སོང་།
    བཙན་འོག་གི་མྱ་ངན་བསང་སོང་།

  3. དགྱ་ནག་གི་ངོས་ནས་ངོ་ཚ་མེད་པའི་བྱས་ཉེས་ཅི་ཞིག་ཡིན་ཡང་ཡག་པོ་ཞིག་ཡིན་བསམ་ཡོད་པ་འདྲ། དཔེར་ན་གོང་གི་གནས་ཚུལ་འདི་ལས་ང་ཚོས་ཤེས་གསལ་ལྟར། ཞི་བདེའི་དེད་དཔོན་ཞིག་ཁྲི་མུན་དོང་ལ་སྦས་བཞག་པ་འདི་འདྲ་ན། ཆབ་སྲིད་ཀྱི་ངོས་ནས་དང་བསམ་བློའི་ངོས་ནས། ཡང་གུང་ཁྲན་ཏང་གི་མཛེས་དཔྱོད་ཀྱི་ལྟ་བ་ཞིག་ཏུ་གྲུབ་ཡོད།

    ལིག་ཞའོ་པོ་ལགས་ཀྱིས་སྟོབས་ཆེ་བའི་མི་རིགས་ཤིག་དང་རིག་གཞུང་ཞིག་སྲུང་སྐྱོབས་ཆེད། རང་ཉིད་ཁྲིམས་སམ་མེ་ལ་མཆོངས་པ་འདིས། དགྱ་ནག་གཞུང་གི་ངོ་གདོང་ལ་མཆིལ་ཞགས་ཤིག་འཕངས་པ་རེད། གཟེངས་རྟགས་འདི་ཐོབ་པ་དང་སྦྲགས་ནས་ཡག་ཏུ་འགྲོ་རྒྱུ་མེད་སྲིད། དེ་ནི་གོང་དུ་དྲངས་པའི་ར་ཤི་ཡའི་གནས་ཚུལ་དེ་དང་འདྲ་བས་སོ།།