སླར་ཡང་རང་བཙན་གོམ་བགྲོད།

ངའི་ལག་པ་དང་རྐང་པ་ནི་ངའི་ཕ་ཡི་ཆ་ཤས་ཤིག་རེད། ངའི་ཕ་ཡིས་གོམ་བགྲོད་འདི་འདྲ་ཟླ་རེ་རེའི་ནང་དུ་བྱུང་ན་བསམས་ཀྱི་ཡོད་པ་རེད། འདི་ཁོང་གི་ཐུགས་རེ་རེད། བྱས་ཙང་། ངས་དེ་སྒྲུབ་ཀྱི་ཡོད། བོད་མི་སུ་ཡིན་ང་དང་ལྷན་དུ་མཉམ་ཞུགས་བྱེད་རྒྱུར་དགའ་བསུ་ཡོད།

འཇིགས་མེད་ནོར་བུ་ལགས་ཀྱིས་ ལོ་འདིའི་ཟླ་བ་ གཉིས་པའི་ཚེས་ ༡༤ ཉིན་ནས་མགོ་འཛུགས་ཀྱིས་ ཨ་རིའི་ཧྥི་ལོ་རེ་ཌཱ་མངའ་སྡེའི་ནང་རང་བཙན་གོམ་བགྲོད་བྱེད་རྒྱུ་ཡིན་པ་རེད།
དེ་ཡང་གོམ་བགྲོད་འདི་ St. Augustine ཞེས་པ་ནས་ West Palm Beach ཞེས་པའི་བར་མེལ་ལེ་ ༣༠༠ ཙམ་གྱི་རིང་གོམ་བགྲོད་བྱེད་རྒྱུ་ཡིན་པ་དང་། མངའ་སྡེ་འདིར་དམིགས་བསལ་གྱིས་འདེམས་པའི་རྒྱུ་མཚན་གང་ཡིན་ཞུས་པར། འཇིགས་མེད་ནོར་བུ་ལགས་ཀྱིས། མངའ་སྡེ་འདི་ནི་ང་ལ་མཚོན་ན། དབྱར་དགུན་གཉིས་ཀར་ཕ་དམ་པ་ལྷན་དུ་འགྲོ་མྱོང་ཡོད་པ་མ་ཟད།  དེར་ངའི་པ་ལགས་ལ་འབྲེལ་འདྲིས་ཟབ་པའི་ཨ་མ་ལགས་ཤིག་ཡོད་པ་དེ་ད་ལྟ་གྲོངས་ཟིན་མོད། ཁོང་གིས་ངའི་པ་ལགས་ལ་ཨ་མ་ལགས་གཉིས་པ་ལྟ་བུའི་བརྩེ་སེམས་བཟུང་ཡོད་པ་རེད། དེ་འདྲའི་རྐྱེན་གྱིས་ང་ལ་སྒེར་གྱིས་འབྲེལ་བ་ཆེན་པོ་ཞིག་ཡོད། ད་དུང་ ངས་ལམ་ཁ་འདི་བརྒྱུད་ནས་མི་རབས་གཞོན་པ་ཚོར་འབྲེལ་བ་བྱས་ཏེ་བོད་དོན་ངོ་སྤྲོད་བྱེད་རྒྱུ་ཡིན་པ་མ་ཟད། འཛམ་གླིང་རི་འཛེགས་པ་གྲགས་ཅན་ Todd Huston ཞེས་པས་ཀྱང་ངེད་ཀྱི་གོམ་བགྲོད་སྐོར་ཐོས་ནས་མཉམ་ཞུགས་བྱེད་རྒྱུའི་འདོད་པ་བྱས་བྱུང་། དེ་འདྲ་ལ་བརྟེན་ནས་ས་གནས་འདི་འདེམས་པ་ཡིན།ཞེས་གསུངས་བྱུང་། གོམ་བགྲོད་འདི་ཡང་ ཉིན་གྲངས་ ༡༥ ཙམ་གྱི་རིང་ལ་འགྲུབ་འཆར་ཡོད་པ་རེད་འདུག
འཇིགས་མེད་ནོར་བུ་ལགས་ཀྱིས་ཉེ་ཆར་རང་ཐའེ་ཝན་དུ་རང་བཙན་གོམ་བགྲོད་གྲུབ་མ་ཐག་ཡིན་པ་དང་། འཕྲལ་དུ་གོམ་བགྲོད་སླར་ཡང་བྱེད་དགོས་དོན་སྐོར་གསུངས་སྐབས། ད་ལྟ་ང་རང་ཐང་པོ་རེད། ངས་བོད་རང་བཙན་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ལས་འགུལ་སྤེལ་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད། ང་ཐང་པོ་ཡིན་པའི་སྐབས་ མི་ཚོས་ང་སྐད་བཏང་ནས་གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་ན་ང་ནི་འགྲོ་རྐྱང་བྱེད་ཀྱི་ཡོད།ཅེས་གསུངས།
འཇིགས་མེད་ནོར་བུ་ལགས་ཀྱིས་གོམ་བགྲོད་འདི་དག་ནི་ རང་གི་ཕ་དམ་པའི་ཐུགས་དགོངས་རྫོགས་པ་དང་བཞེད་དོན་རྣམས་རྒྱུན་འཁྱོངས་བྱེད་ཆེད་ཡིན་ཞེས་གསུངས་ནས་རང་ཉིད་དང་ཕ་དམ་པའི་འབྲེལ་བའི་སྐོར་ལ་གསུངས་དོན།ངའི་ཕ་ཡིས་ཁོང་གི་སྐུ་ཚེ་གང་བོར་བོད་རང་བཙན་གྱི་ཐོག་ལ་ཐུགས་བརྩོན་གནང་བ་རེད། ང་ཁོང་དང་ལྷན་དུ་ཐེངས་ཁ་ཤས་ཀྱི་རིང་གོམ་བགྲོད་བྱེད་རྒྱུའི་སྐལ་བ་བཟང་པོ་བྱུང་། ངས་ཀྱང་བོད་རང་བཙན་ལ་ཡིད་ཆེས་བྱེད་ཀྱི་ཡོད། ངའི་ཕ་ཙམ་མ་ཡིན་པར་བོད་མི་གཞན་མང་པོས་བཏབ་པའི་རང་བཙན་གྱི་ས་བོན་འདི་ལ་འཇུས་ནས་ང་ཚོ་འགྲོ་དགོས་པ་རེད། འདི་ལ་ངས་ཡིད་ཆེས་བྱེད་ཀྱི་ཡོད།  ངའི་ལག་པ་དང་རྐང་པ་ནི་ངའི་ཕ་ཡི་ཆ་ཤས་ཤིག་རེད། ངའི་ཕ་ཡིས་གོམ་བགྲོད་འདི་འདྲ་ཟླ་རེ་རེའི་ནང་དུ་བྱུང་ན་བསམས་ཀྱི་ཡོད་པ་རེད། འདི་ཁོང་གི་ཐུགས་རེ་རེད། བྱས་ཙང་། ངས་དེ་སྒྲུབ་ཀྱི་ཡོད། བོད་མི་སུ་ཡིན་ང་དང་ལྷན་དུ་མཉམ་ཞུགས་བྱེད་རྒྱུར་དགའ་བསུ་ཡོད།ཅེས་བཤད་བྱུང་།
འཇིགས་མེད་ནོར་བུ་ལགས་ནི། སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེའི་སྲས་ཐ་ཆུང་དེ་ཡིན་པ་དང་། ད་བར་དུ་རང་བཙན་གོམ་བགྲོད་དང་རྐང་འཁོར་བསྐོར་བསྐྱོད་སོགས་ཐེངས་ ༡༨ ཙམ་གནང་ཡོད་པ་དང་།  ཉེ་ཆར་གྱི་ཐའེ་ཝན་གོམ་བགྲོད་ཐད་ནས་ བརྙན་འཕྲིན་དང་གསར་ཤོག་སོགས་ནས་གསར་འགྱུར་རིགས་ ༥༠ ལྷག་ཐོན་པ་མ་ཟད། ཐའེ་ཝན་མི་དམངས་རྒན་གཞོན་ཚང་མས་གོམ་བགྲོད་མཐོང་སྐབས། ཅཱ་ཡའོ། ཅཱ་ཡའོ།ཞེས་སེམས་ཤུགས་སྤར་བའི་སྐད་འབོད་དང་སྦྲགས་ནས་རྒྱབ་གཉེར་གནང་བ་མ་ཟད། དེར་སྡོད་བོད་རིགས་མང་པོ་མཉམ་ཞུགས་བྱས་པ་དེ་དག་གིས་འཇིགས་མེད་ནོར་བུའི་སེམས་ཤུགས་སྤར་སོང་ཞེས་གསུངས་སོང་།
གོམ་བགྲོད་སྐོར་གྱི་གནས་ཚུལ་ཞིབ་གསལ་ནི་གཤམ་གསལ་གྱི་དྲ་རྒྱ་ནས་གཟིགས་ཐུབ།
http://www.ambassadorsforworldpeace.org/

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “སླར་ཡང་རང་བཙན་གོམ་བགྲོད།

  1. ཕ་ཤུལ་བུས་གནང་བ་ཡག་པོ་རེད་ སྔོན་མ་ཡབ་ཀྱི་དགུན་ཁ་དྲང་བའི་སྐབས་སུ་ནིའུ་ཡོག་ཏུ་ཕེབས་ཀྱི་ཡོད་པས་
    སྲས་ཀྱི་ཀྱང་དགུན་ཁ་དྲང་བའི་སྐབས་སུ་ཚ་བའི་ལུང་པ་དེར་ཕེབས་འདུག་
    རྗེས་སུ་ཡིད་རང་ཡོད་

  2. ཁྱེད་ཀྱི་གོམ་རྗེས་རེ་རེར། མི་རིགས་ཀྱི་གསོན་ཤུགས་རེ་རེ། ཕེབས་ཤིག ད་དུང་མུ་མཐུད་ཕེབས་ཤིག ང་ཚོའི་མི་རིགས་འདི་ད་དུང་གསོན་པོར་གནས་ཡོད་པ་ཀུན་གྱི་ཤེས་དགོས་སོ།།

  3. སྐུ་ཞབས་འཇིགས་མེད་ལགས། ཁྱེད་ཀྱིས་ཕ་ཤུལ་དེད། ཁྱེད་ཤུལ་ང་ཚོས་དེད་ངེས་ཡིན། གང་ལྟར་ང་ཚོའི་མི་རིགས་འདི་གསོན་པོར་གནས་ཐུབ་པ་དགོས།