མ་འོངས་པར་རྒྱ་ནག་གིས་མུ་མཐུད་མི་དམངས་ཀྱི་འཚོ་བ་ཡར་རྒྱས་དང་། ཁྲིམས་སྲིད་དམངས་གཙོའི་ལམ་སྲོལ་ལག་བསྟར་ཡོང་གི་རེད། རྒྱ་ནག་གཞུང་ངོས་ནས་འབྱུང་འགྱུར་ཨ་རྒྱ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་བྱས་ཏེ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་མོལ་བྱ་རྒྱུ་ཡིན་ཟེར།
ཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྣམ་གཉིས་ཀྱིས་ཨ་རིའི་ཕོ་བྲང་དཀར་པའི་ཤར་ཕྱོགས་ཚོམས་ཁང་དུ་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ལ། སྐབས་དེར་ཐེངས་འདིའི་གྲོས་མོལ་གྱི་ནང་དོན་ཐོག་བསྒྲགས་གཏམ་སྤེལ་རྗེས། གསར་འགོད་པའི་དྲི་བ་ཁག་ཅིག་ལ་ལན་འདེབས་བྱས་ཡོད།
ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཐེངས་འདིའི་སྤྱི་བསྒྲགས་གཏམ་བཤད་སྐབས་བརྗོད་རྒྱུར། ངས་འདིར་ནན་སྐུལ་ཞུ་རྒྱུ་ཞིག་ནི། ཨ་རིས་འགྲོ་བ་མི་སྤྱི་ཡོངས་ཀྱི་གཞི་རྩའི་ཁེ་དབང་མངོན་འགྱུར་བྱ་རྒྱུ་ཡིན། དེའི་ཁྲོད་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། འདུ་འཛོམ་རང་དབང་། མཉམ་འབྲེལ་རང་དབང་། ཁྲོམ་སྐོར་ངོ་རྒོལ་རང་དབང་། ཆོས་ལུགས་དད་མོས་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ཚུད་ཡོད་པར་མ་ཟད། ཁེ་དབང་འདི་དག་རྒྱ་ནག་གི་རྩ་ཁྲིམས་ནང་དུ་ཡང་བཀོད་ཡོད། ཨ་རིས་ཁེ་དབང་དེ་དག་དང་འགྲོ་བ་མི་རེ་རེའི་མཚན་མཐོང་གི་ཆེད་དུ་དུས་རྒྱུན་འབོད་སྒྲ་སྒྲོག་གི་ཡོད་ལ། དེ་ནི་ང་ཚོ་ཨ་རི་བ་ཡིན་པའི་གལ་ཆེའི་རྒྱུ་མཚན་རེད་ལ། མ་འོངས་པར་རྒྱ་ནག་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཡོངས་མཚར་སྡུག་ལྡན་པ་ཞིག་ཏུ་མངོན་འགྱུར་ཡོང་ཐུབ་པར་ཡིད་ཆེས་བཅངས་ཡོད། ཅེས་དང་། ཨོ་བྷ་མས་བོད་རྒྱའི་གནད་དོན་ཐད་གསུངས་དོན། བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་ལེན་ཐོག ཨ་རིའི་ངོས་ནས་ཏཱ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གཞུང་བར་གྱི་འབྲེལ་ལམ་རྒྱུན་འཁྱོངས་ཀྱིས་གྲོས་མོལ་གནང་སྟེ། བོད་མི་རིགས་ཀྱི་ཐུན་མིན་ཆོས་ལུགས་དང་རིག་གནས་སོགས་ཕྱོགས་གཉིས་ཀྱིས་དོ་སྣང་བྱ་ཡུལ་གྱི་གནད་དོན་ཁག་ཐག་གཅོད་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་བརྗོད་འདུག
དེ་རྗེས་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མཉམ་འབྲེལ་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་པས་ཨོ་བ་མ་དང་ཧུའུ་ཅིན་ཐའོ་གཉིས་ལ་དྲི་བ་རེ་རེ་བཀོད་དོན། “སྲིད་འཛིན་ཨོ་བྷ་མ་ལགས། ཨ་རིས་ཅི་ལྟར་གསར་འགོད་རང་དབང་ལ་བཀག་སྡོམ་བྱེད་བཞིན་པའི་རྒྱལ་ཁབ་ཅིག་དང་མཛའ་འབྲེལ་བཙུགས་པ་ཡིན་ནམ” ཞེས་དང་། “སྲིད་འཛིན་ཧུའུ་ཅིན་ཐའོ་ལགས། ཁྱོད་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་བྱུང་འཕེལ་ལ་ཇི་ལྟར་ངོས་འཛིན་དང་འགྲེལ་བཤད་རྒྱག་རྒྱུ་ཡིན་ནམ” ཞེས་དྲིས་པའི་ལན་དུ་ཨོ་བྷ་མས། རྒྱ་ནག་གི་ཆབ་སྲིད་ངོ་བོ་དེ་ཨ་རི་དང་མི་འདྲ་ཞིང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ཀྱང་མི་འདྲ་བ་གཉིས་རེད། ད་དུང་རྒྱལ་ཁབ་གཉིས་ཀྱི་རིག་གནས་ལོ་རྒྱུས་ཀྱང་མི་འདྲ། འོན་ཀྱང་ཨ་རིའི་ངོས་ནས་སྨྲ་བརྗོད་རང་དབང་དང་། འདུ་འཛོམ་རང་དབང་། མཉམ་འབྲེལ་རང་དབང་བཅས་ལ་ཧ་ཅང་གཙིགས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། རང་དབང་དེ་དག་ནི་རྒྱལ་ཁབ་སོ་སོའི་རིག་གནས་ཀྱི་ངོ་བོ་ལས་ཆེས་ཆེར་བརྒལ་ཡོད་སྟབས། ངས་ཧུའུ་ཅིན་ཐའོ་དང་ཐུག་འཕྲད་ཀྱི་སྐབས་སུའང་གནད་དོན་དེའི་ཐད་གླེང་མོལ་བྱས་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་མུ་མཐུད་གྲོས་མོལ་གནང་རྒྱུར་ཧུའུ་ཡིས་ཀྱང་མོས་མཐུན་གནང་ཡོད། ཨ་རྒྱ་གཉིས་བར་འབྲེལ་བ་བྱུང་བ་ནས་ད་ལྟའི་བར་རྒྱ་ནག་ལ་འགྱུར་བ་བྱུང་ཡོད། ཅེས་ལན་འདེབས་བྱས་འདུག
ཨ་རིའི་དཔོན་རིགས་ཚོས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། ཁོ་ཚོས་འབད་བརྩོན་ལ་བརྟེན་ཏེ་ཐེངས་འདིར་ཧུའུ་ཅིན་ཐའོ་ཡིས་ཨ་རིར་འཚམས་འདྲིའི་སྐབས། ཡོངས་ཁྱབ་ཀྱི་སྒོ་ནས་ཨ་རིའི་གསར་འགོད་པའི་དྲི་བ་གཉིས་དང་རྒྱ་ནག་གི་གསར་འགོད་པའི་དྲི་བ་གཉིས་བཅས་ལ་ལན་འདེབས་བྱ་རྒྱུ་མོས་མཐུན་བྱུང་བ་ཞིག་ཡིན་སྐོར་དང་། ཧུའུ་ཅིན་ཐའོ་ཡི་ཡོངས་ཁྱབ་གསལ་བསྒྲགས་དེ་ནི་སྔར་ནས་གྲ་སྒྲིག་ཡོད་པའི་ཡིག་ཐོག་གཏམ་བཤད་ཡིན་སྐོར་བརྗོད་འདུག་ལ། ད་དུང་། མིང་འདོན་འདོད་མེད་པའི་ཨ་རིའི་དཔོན་རིགས་ཤིག་གིས། ཐེངས་འདིར་སྲིད་འཛིན་ཨོ་བྷ་མས་ཧུའུ་ཅིན་ཐའོ་ལ་ཐད་ཀར་སྐུ་ཞབས་ལིག་ཞོ་པའོ་ཡི་གནད་དོན་སྐོར་གླེང་སློང་བྱས་ཡོད་ཚུལ་བརྗོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།