སློབ་ཕྲུག་ ༡༢ དམར་གསོད།

 

དེ་རིང་སྔ་དྲོར་བྷར་ཛིལ་རྒྱལ་ཁབ་ཀྱི་རེའོ་( Rio de Janeiro) གྲོང་ཁྱེར་གྱི་སློབ་གྲྭ་ཞིག་ཏུ་མི་གསོད་དོན་རྐྱེན་ཡ་ང་བ་ཞིག་བྱུང་ཡོད་འདུག དེ་ནི་སློབ་གྲྭ་དེ་ཚོགས་ནས་དུས་ཡུན་ཅུང་འགར་རྗེས་ཕྱི་མི་ཞིག་གིས་སློབ་གྲྭའི་སྒོ་སྲུང་ལ། ཁོ་རང་སློབ་གྲྭ་དེའི་དགེ་རྒན་ཞིག་ཡིན་ཚུལ་བཤད་དེ་ནང་དུ་འཛུལ་ཡོད་པ་དང་། སློབ་གྲྭའི་འཛིན་ཁང་ནང་བསླེབས་མ་ཐག་གང་བྱུང་དུ་མེ་མདའ་བརྒྱབ་སྟེ། སློབ་ཕྲུག་ ༡༢ དམར་གསོད་བཏང་ཞིང་། གཞན་སློབ་ཕྲུག་ ༡༢ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

སྐབས་དེར་འཛིན་ཁང་གཞན་དག་གིས་སྒོ་དམ་པོར་བརྒྱབ་སྟེ་དགེ་སློབ་ཡོངས་འཛིན་གྲྭའི་མདུན་ཅོག་དང་རྐུབ་སྟེགས་འོག་ཡུབ་སྡོད་བྱས་ཡོད་ཅིང་། མེ་མདའ་རྒྱག་སའི་འཛིན་ཁང་དེའི་ནང་གི་སློབ་ཕྲུག་རེ་ཟུང་བྲོས་ཐར་གྱིས་ཉེན་རྟོག་པར་ཞུ་གཏུག་བྱས་ཡོད་སྟབས། དྲག་སྤྱོད་པ་དེ་འཛིན་ཁང་གཞན་དག་ནང་འཛུལ་ལོང་བྱུང་མེད་ཅིང་། ཉེན་རྟོག་པ་བསླེབས་མ་ཐག་ཁོས་རང་ཉིད་ལ་མེ་མདའ་བརྒྱབ་ཏེ་རང་ཤི་བརྒྱབ་ཡོད་འདུག

ས་གནས་ཉེན་རྟོག་པ་ཁཱོལ་(Col Djalma) ཟེར་བ་ཞིག་གིས་གསར་འགོད་པར་བརྗོད་ན། ང་ཚོ་སློབ་གྲྭར་འབྱོར་སྐབས་དྲག་སྤྱོད་པ་དེས་ད་དུང་མེ་མདའ་རྒྱག་གི་འདུག གལ་སྲིད་ང་ཚོ་འཕྲལ་དུ་འབྱོར་མེད་པ་ཡིན་ན་དོན་དག་དེ་ལས་ཚབས་ཆེན་འབྱུང་སྲིད་པའི་ཉེན་ཁ་འདུག ང་ཚོས་ཁོའི་མཐའ་སྐོར་ཏེ་འཛིན་རྩིས་བྱས་སྐབས། མི་དེས་རང་ཉིད་ཀྱི་མགོ་ལ་མེ་མདའ་བརྒྱབ་ཏེ་རང་ཤི་བརྒྱབ་སོང་། ཞེས་བརྗོད་འདུག

ཉེན་རྟོག་པས་ཞིབ་བཤེར་བྱས་པ་ལྟར་ན། དྲག་སྤྱོད་པ་དེའི་མིང་ལ་ཨོ་ལེ་ཝེ་རཱ( Oliveira )ཟེར་ཞིང་ད་ལྟ་རང་ལོ ༢༣ དང་། ནི་ཝེ་ལེན་ཊོན་ (Wellington Menezes)གྱི་སློབ་ཟུར་ཞིག་ཡིན་འདུག ཁོའི་གཟུགས་པོའི་སྟེང་ནས་ཡི་གེ་ཞིག་རྙེད་ཡོད་པའི་ནང་།  ང་ནི་རང་སྲོག་བློས་གཏོང་གི་དྲག་སྤྱོད་པ་ཞིག་ཡིན་ཞིང་། དཀོན་མཆོག་གི་རྗེས་འབྲང་བ་རྣམ་དག་ང་མི་འགྱང་པར་དུར་ཁྲོད་དུ་ཡོང་སྟེ། ངས་གང་བསྒྲུབས་པར་བཟོད་གསོལ་ཞུ་ངེས་ཡིན། ཞེས་བཀོད་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply