འབར་མ་གཞུང་དང་ཨང་སན་སུའུ་ཀེ་བར་གྲོས་མོལ།

ཁ་སང་འབར་མའི་རྒྱལ་ས་རཱན་གྷོན་དུ་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུའུ་ཀེ་དང་གཞུང་གི་བློན་ཆེན་ཨང་ཀེ་གཉིས་བར་མཇལ་འཕྲད་གྲོས་མོལ་ཐེངས་དང་པོ་དེ་བྱུང་ཡོད་འདུག

ཕྱི་ཚེས་ ༢༥ ཉིན་རཱན་གྷོན་(Rangoon) གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་གསོལ་མགྲོན་ཁང་ཞིག་ཏུ་འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུའུ་ཀེ་(Aung San Suu Kyi)དང་། ད་ལྟའི་དམག་མིའི་གཞུང་གི་བློན་ཆེན་ཨང་སན་(Aung Kyi)བར་དུས་ཡུན་ཆུ་ཚོད་གཅིག་རིང་མཇལ་འཕྲད་གྲོས་མོལ་བྱུང་ཡོད་ལ། གྲོ་མོལ་རྗེས་ཕྱོགས་གཉིས་ཐུན་མོང་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། སྐུ་ཞབས་ཨུན་ཀེ་ཡིས། ཐེངས་འདིའི་གྲོ་མོལ་ཁྲིམས་ཀྱི་འགྲོ་སྟངས་དང་། གཞུང་དམངས་བར་གྱི་གོ་བ་ལོག་སྒྲུབ་རིགས་ཇི་ལྟར་སེལ་རྒྱུ། དེ་བཞིན་མང་ཚོགས་ཀྱི་འདོད་མོས་ཐད་ཕྱོགས་གཉིས་ཀྱིས་མཉམ་ལས་བྱ་ཐབས། རྒྱལ་ཁོངས་གཅིག་གྱུར་སོགས་མདོར་ན་མི་མང་གི་ཁེ་ཕན་གཙོ་བོར་དམིགས་ཏེ་གྲོས་བསྡུར་བྱས་ཡོད་སྐོར་བརྗོད་འདུག

ལྕམ་ཨང་སན་སུའུ་ཀེ་བཟང་བཙོན་ལས་ཀློད་གྲོལ་ཐོབ་རྗེས་རཱན་གྷོན་ལས་ས་གནས་གཞན་ལ་བསྐྱོད་རྒྱུར་དམ་དྲག་བྱས་ཡོད་པ་མ་ཟད། ཉེ་ཆར་ཟླ་སྔོན་མའི་ནང་གཞུང་གིས་ཁོ་མོས་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་མི་ཆོག་པའི་བཀའ་ཡང་བཏང་ཡོད་པ་རེད། ཐེངས་འདིའི་གྲོས་མོལ་ནི་ཨང་སན་སུའུ་ཀེ་ཀློད་གྲོལ་ཐོབ་རྗེས་གཞུང་གི་མཐོ་རིམ་མི་སྣ་དང་དངོས་སུ་ཐུག་འཕྲད་ཀྱིས་གྲོས་མོལ་བྱས་པ་ཐོག་མ་དེ་ཆགས་ཡོད་པ་རེད།

༡༩༩༠ ལོར་འབར་མའི་རྒྱལ་ཡོངས་འོས་བསྡུའི་སྐབས་ཨང་སན་སུའི་ཀེའི་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་ཀྱང་དམག་མིའི་གཞུང་གིས་དབང་ཆ་སྤྲད་མེད་ལ། ༢༠༡༠ ལོའི་རྒྱལ་ཡོངས་འོས་བསྡུ་དེའང་དྲ་བདེན་ཞིག་བྱུང་མེད་ཅེས་རྒྱལ་སྤྱིའི་ཐོག་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད།

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “འབར་མ་གཞུང་དང་ཨང་སན་སུའུ་ཀེ་བར་གྲོས་མོལ།

  1. ལྕམ་ཨང་སན་སུའི་ཀིས་སྣེ་ཁྲིད་པའི་དམངས་གཙོ་ཚོགས་པར་མཐའ་མའི་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་འཛམ་གླིང་གོ་ལའི་འཁོར་ཕྱོགས་རེད། འབར་མ་སོགས་རྒྱལ་ཁབ་གང་འདྲ་ཞིག་གི་སྲིད་གཞུང་ཡིན་ཡང་རང་གི་མངའ་ཁོངས་མི་མང་གི་བསམ་པའི་ཟློག་ཕྱོགས་ནས་ལང་ན་རང་གི་རྩ་བ་རུལ་པོར་བཏང་བ་ཡིན་པས་ཡུན་རིང་གནས་ཐབས་མེད་པ་དངོས་པའི་ཆོས་ཉིད་དོ།།