བཙན་བྱོལ་སྤྱི་ཚོགས་ལེབ་ལེབ་རེད།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༢༥ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ལོ་འདིའི་ཟླ་ལྔ་པའི་ཚེས་ཉེར་བདུན་ཉིན་ནི། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་གི་རྡོ་རིང་ལྟ་བུའི་ཉི་མ་ཞིག་ཆགས་ཡོད། ཉི་མ་དེ་ནི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་བོད་གཞུང་ཞེས་པའི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་ཞེས་གཏན་འབེབས་གྲོས་ཆོད་བཞག་པའི་ཉི་མ་ཡིན། གྲོས་ཆོད་དེ་ལས་འཕྲོས་པའི་གླེང་སློང་དང་ཚོར་བ་ལྗིད་པོ་དག་ནི་གཞིས་བྱེས་བོད་མིའི་ཁྱིམ་ཚང་དག་གི་ཁ་བརྡ་ཁྲོད་བསླེབས་པ་མ་ཟད། བོད་པ་མི་རེ་ངོ་རེའི་སྙིང་གི་གཏིང་ལ་ཟུག 

    འདས་པའི་ཟླ་ངོ་གཉིས་ལྷག་གི་རིང་བཙན་བྱོལ་སྤྱི་ཚོགས་ནི་བཟི་སྨན་བཙན་པོ་ཞིག་བརྒྱབ་པ་ལྟར། དབང་བོ་ལྔ་སྦྲིད་ཅིང་། མགོ་བོ་འཐོམས་ཏེ་ཁུ་སིམ་མེར་བཞུགས། གཞུང་འབྲེལ་ཡིག་ཆ་དང་གསལ་བསྒྲགས་ཁག་ཏུ་དབུས་བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་ཚིག་གསར་པ་དེ་ཡང་ཁུ་སིམ་མེར་དབང་པོ་ལྔ་སྦྲིད་ཅིང་མགོ་བོ་འཐོམས་བཞིན་ཡིག་ཚོགས་གཞན་དང་ལྷན་དུ་ག་ལེར་མངོན་ཡོང་།

    ཁུག་ཀྱོག་དང་གྲུ་ཟུར་དག་ན་ངུ་སྐད་དམའ་མོ་རེ་དང་སྙན་ཞུ་ཉམ་ཆུང་རེ། མཚམས་རེར་ཁྲོ་བའི་འཁུན་སྒྲ མཚམས་རེར་ལར་ཞེན་གྱི་གདུང་འབོད་སོགས་ཐོས་མོད། དེ་དག་གིས་ད་དུང་བཙན་བྱོལ་སྤྱི་ཚོགས་ཀྱི་སྦྲིད་འཐོམས་དེ་དཀྲོགས་མ་ནུས། ཆབ་སྲིད་ཀྱི་དབང་རྩ་ཧ་ཅང་རྣོ་བའི་གངས་སྐྱིད་དང་བཞུགས་སྒར་ཁུལ་ལ་ཆ་བཞག་ན། འདི་ལྟ་བུའི་ཁུ་སིམ་པོ་ཞིག་ནི་ཧ་ལམ་ད་བར་བྱུང་མྱོང་མེད།

    ལྟ་བ་དང་ལངས་ཕྱོགས་ཀྱི་ཐད་ནས་ཧ་ཅང་མངོན་གསལ་གྱིས་ཐ་དད་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་གིས་ཅི་ཡང་མ་གསུངས་པར་བཞུགས་པའི་ཉེར་ལེན་གྱིས། བཙན་བྱོལ་སྤྱི་ཚོགས་དེ་དམངས་གཙོའི་བསམ་ཚུལ་སྤེལ་རེས་བྱེད་པ་དང་། བསམ་ཚུལ་འགྲན་བསྡུར་བྱེད་པའི་གོ་རིམ་བརྒྱུད་གནད་དོན་ལ་དབྱེ་ཞིབ་དང་ལྟ་གྲུབ་ཀྱི་རྨང་གཞི་འབུར་ཚུགས་སུ་འདོན་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་མ་ཐུབ། རྒྱུ་མཚན་དེ་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་འདི་ནི་ལྗོན་པ་དང་། འཁྲི་ཤིང་གིས་དབེན་པའི་མྱ་ངམ་གྱི་ཐང་ལྟར་ཧ་ཅང་ལེབ་ལེབ་ཅིག་ཏུ་གྱུར། 

ཝ་ཞིན་ཏོན་གྱི་དུས་དབང་དང་བསྟུན་ཏེ། བཙན་བྱོལ་སྤྱི་ཚོགས་ཚ་ལམ་མེར་གཏོང་མཁན་གྱི་གནས་ཚུལ་གཅིག་བྱུང་བ་ནི། གཞོན་ནུའི་ཚོགས་གཙོ་དང་འབྲེལ་བའི་གསར་འགྱུར་འདི་ཆགས་ཡོད། འདི་ནི་བོད་གཞུང་གི་མཚན་བྱང་བརྗེས་པའི་བརྒྱུད་རིམ་ཁྲོད་དུ་བྱུང་བའི་འབུར་ཐོན་གྱི་ལས་འགུལ་ཐོག་མ་དེ་རེད། འོན་ཀྱང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཆ་བཞག་ན། གྲོས་ཆོད་དང་གྲ་སྒྲིག་གང་ཅིའི་ཐད་ནས་བོད་རང་བཙན་རྩོད་ལེན་བྱེད་པ་དང་། ༼ བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ ༽ ཞེས་པའི་མཚན་བྱང་འདི་བོད་མི་མང་ལ་ཕྱིར་འབུལ་བྱ་རྒྱུར་བློ་ཐག་ཆོད་ཡོད་བརྟེན། འདི་ལྟ་བུའི་ལས་འགུལ་གྱི་ཐོག་ནས་རང་གི་དམིགས་ཡུལ་བསྒྲུབ་རྒྱུའི་གྲ་སྒྲིག་ཨང་གསར་བྱས་ཡོད་པ་ནི་བཤད་ག་ལ་དགོས་མོད། ཟླ་ངོ་གཉིས་མ་ཟིན་ཙམ་གྱི་རིང་ལ་ཁུ་སིམ་མེར་བཞུགས་པ་དེ་ཡང་བཙན་བྱོལ་སྤྱི་ཚོགས་ལེབ་ལེབ་ཡིན་པ་དེའི་ངོས་སུ་འབྱར་བ་ཞིག་དང་ཅིས་མི་མཚུངས།

    བོད་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་ནས་སྐྱེས་པའི་ན་གཞོན་ཞིག་ལ་བཀའ་བློན་ཁྲི་པའི་འོས་ཤོག་ཐོབ་སྟེ། རིང་མིན་མཛད་འགན་ཕྲག་ཏུ་བཞེས་རྒྱུ་ཡིན་པའི་ང་ཚོའི་དམངས་གཙོ་འདི་ལ་མཚོན་ན། ལོ་རྒྱུས་ཁྲོད་ཀྱི་རྡོ་རིང་ལྟ་བུའི་འགྱུར་བ་གང་ཡིན་ལ་གཞུང་དང་གཞུང་འབྲེལ་མིན་པ། ཚོགས་པ་དང་སྒེར་པ། མཁས་པ་དང་བླུན་པོ། ཞིང་པ་དང་འབྲོག་པ་སོགས་བོད་མིའི་སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ་ནས་བགྲོ་གླེང་དང་། དགག་སྒྲུབ། རྩོད་པ་སོགས་བསླངས་ཏེ་གོ་རྟོགས་འཕེར་བའི་ཐོག་ནས་དཔྱད་བསྡུར་གནང་རྒྱུ་ནི་ཧ་ཅང་གལ་ཆེ་བར་མཐོང་ལ། ལྟ་བ་མི་མཐུན་པ་དང་བཞེད་པ་མི་མཐུན་པ་རྣམས་གུ་ཡངས་པོའི་ཐོག་ནས་སྦྱང་བཤད་བྱེད་པའི་གོམ་གཤིས་ཤིག་ང་ཚོར་འཇགས་རྒྱུ་ནི་དེ་བས་ཀྱང་འགངས་ཆེ་བར་མཐོང་ངོ་།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply