ཁ་ཐུར་འཁོར་གྱི་མིག་དཔེ།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༣༠ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བཙན་བྱོལ་བོད་མིའི་གཞིས་ཆགས་དང་སློབ་གྲྭ དགོན་སྡེ། ཚོགས་པ་སྐྱིད་སྡུག་གང་འདྲ་ཞིག་གིས་མཛད་སྒོ་ཆེ་ཆུང་ཅི་འདྲ་ཞིག་ཚོགས་ཀྱང་། ཐོག་མའི་དབུ་འཛུགས་ཀྱི་གཏམ་བཤད་དང་། བར་གྱི་ལས་བསྡོམས་སྙན་སྒྲོན། མཐའ་མའི་མཇུག་བསྡོམས་གསུང་བཤད་ཚང་མར་ཡག་རབ་དང་རྒྱན་རབ། རྒྱལ་ཁ་བླངས་རབ་དང་གཟི་བརྗིད་ཆེ་རབ། ལས་ཀ་བྱས་རབ་དང་གྲུབ་འབྲས་འཐོན་རབ་རྐྱང་རྐྱང་ལས། དོན་དག་ངོ་མའི་ཐོག་ནས་དཀའ་ངལ་གང་དུ་འཕྲད་པ་དང་འཐུས་ཤོར་གང་དུ་ཕྱིན་པ། ནོར་འཁྲུལ་གང་ནས་བཟོས་པ་དང་ལྷག་འཕྲོ་གང་དུ་ལྷག་པའི་སྐོར་བཤད་པའི་ལམ་སྲོལ་རྩ་ནས་མེད། འདི་གཅིག་བྱས་ན་མགོ་༧གོང་ས་མཆོག་ནས་ཞོལ་མི་མང་བྱིངས་བར་ཁ་ནས་མ་ཎྀ་ལྟར་བགྲང་བཞིན་པའི་ང་ཚོ་ཕྱི་གསལ་ནང་གསལ་ཡིན  ཞེས་བའི་ལྟ་གྲུབ་འདི་དང་རྒྱབ་འགལ་ཆགས་ཀྱི་ཡོད་སྲིད་ལ། དོན་དག་དངོས་ཀྱི་ཐོག་ནས་ཀྱང་རང་མགོ་རང་གིས་གཡོགས་ཏེ་རང་ཤ་མི་ལ་ཆད་པའི་དཔེ་ཟླ་ཡིན།  

    ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོ་བཙན་བྱོལ་པ་ཡིན་ལུགས་དང་། མིའི་ལུང་པར་བསྡད་སྐོར་སོགས་ཀྱི་གནས་ལུགས་མང་པོ་བགྲངས་ཏེ། ལས་ཡུན་རྫོགས་ཐབས་དང་མི་ཁར་གཡོལ་ཐབས་བྱས་ཀྱང་ཆོག་མོད། བོད་སྤྱི་བར་བསམ་བློ་གཏོང་མཁན་ཞིག་དང་སྤྱི་དོན་ལ་འགན་འཁུར་མཁན་ཞིག་ཡིན་ན། མིའི་ལུང་པ་ནས་ཀྱང་ཉི་མ་འཕུད་ཐབས་དང་མི་ཚེ་སྐྱེལ་ཐབས་བྱས་ཏེ་བསྡད་ན། ནམ་ཞིག་མིའི་ལུང་པའི་གནས་ཚང་ཆུང་ཆུང་འདི་ཡང་བཙན་གྱིས་འཕྲོག་མཁན་མེད་ཀྱང་རང་བཞིན་གྱིས་འཆོར་ཉེན་ཡོད། དེང་སྐབས། ཐ་ན་བོད་མི་མང་ཚོགས་དཀྱུས་མ་ཚོས་ཇ་ཁ་ཆང་ཁ་ནས་གླེང་བཞིན་པ་དེའང་།  རང་སེམས་གསོ་བྱེད་ཀྱི་རང་བསྟོད་གླུ་གཞས་ཤ་སྟག་ཆགས་ཡོད། སྟོབས་འབྱོར་མངའ་ཐང་ལྡན་ལ་མི་ཤུགས་དབང་སྡུད་ཆེ་བའི་རྒྱ་ནག་རྒྱལ་ཁབ་ཆེན་པོའི་ཁ་གཏད་དུ་ལངས་ཏེ། ད་ལྟའི་བར་བདེན་དོན་འཐབ་རྩོད་གནང་ཐུབ་པ་བྱུང་བ་དེ་ནི་ས་སྒང་འདིར་བྲང་ཁ་ལྡིར་ཏེ་སྤོབས་པས་གླེང་འོས་པའི་མི་རིགས་ཀྱི་གཟི་བརྗིད་ཅིག་ཡིན་སྐོར་བརྗོད། 

    ཟུར་གཅིག་ནས་གླེང་ན་རང་གི་འབད་འབུངས་ལ་རང་བསྟོད་ཀྱིས་ལན་རེར་རང་སེམས་གསོ་ཆོག་པ་དེ་ནི། འགྲོ་བ་མིའི་རྒྱུན་ལྡན་གྱི་གཤིས་ལུགས་ཤིག་ཏུ་བརྗོད་ཆོག་མོད།  ཡིན་ནའང་། གནའ་བོའི་བོད་པ་ཚོས་རྟ་དམག་གི་རྨིག་སྒྲས་ས་ཆེན་གྱི་བྲང་ཁ་གཤེགས་ཏེ། རྒྱའི་རྒྱལ་བོ་ཁྲི་ལས་ཕབ་པའི་དཔའ་སྙིང་གི་འཕར་ལྡིང་དེ་སྔར་ནས་འཇགས་ཟིན་པ་ད་དུང་ཡང་ཚོར་ཐུབ་ཀྱི་མེད་ལ། གདོང་དམར་བོད་པ་ཚང་གི་དཔའ་བོའི་མི་རབས་སྔར་ནས་ཤི་ཟིན་པ་འདི་ཙམ་ལས་ཀྱང་ང་ཚོས་ད་ལྟའི་བར་རང་གིས་རང་ལ་ཁ་དོག་སྣ་ཚོགས་སྤྲས་ཏེ་རང་བསྟོད་ཀྱི་ལམ་ནས་འགྱེད་ཟིན་པའི་དོན་དངོས་ཀྱི་ཟུར་ཅིག་བསྟན་ཡོད།   

    གནའ་མིའི་གཏམ་དཔེ་ལ་ཁ་མིག་ཡར་ལྟ་བྱས་ཏེ་མི་ལ་སྐུལ་ལྕགས་གནང་དགོས་པར་གདམས་ཡོད་མོད། ཡིན་ནའང་། དུས་རྒྱུན་མཛད་སྒོ་ཚོགས་ས་དང་མི་མང་འཛོམས་ས་དག་ན་ལས་ཀྱི་སྣེ་མོ་བ་ཚོས་ཡང་དང་བསྐྱར་དུ་སྒྲོག་བཞིན་པ་དེ་ནི། འཛམ་གླིང་རིལ་མོ་འདིའི་སྒང་ནས་རྒུད་པ་ནས་རྒུད་པའི་ཕྱོགས་སུ་སྐྱོད་བཞིན་པའི་ཉམ་ཐག་ཚོ་དཔེ་རུ་དྲངས་ཏེ། རང་ཉིད་ནི་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་སྐོར་གྱི་རང་བསྟོད་འུད་ཀྱིས་བརྗོད་པ་ལས། གནའ་བོའི་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་རང་ཚིགས་རྨང་ནས་ཤོར་ཏེ་ས་སྒང་རིལ་མོ་འདི་ན་མིང་གི་ལྷག་མར་འགྱུར་བཞིན་པའི་ན་ཟུག་གླེང་མཁན་ཤིན་ཏུ་ནས་ཀྱང་དཀོན།

    རང་སེམས་གསོ་བྱེད་ཀྱི་སྐྱིད་གླུ་སྙན་མོ་དེ་དག་གིས་གནས་སྐབས་རིང་མགོ་བོ་འཐོམ་སྟེ་བདེ་སྣང་ཐན་ཐུན་རེ་སྟེར་སྲིད་མོད།  ད་ལྟའི་ང་ཚོ་ནི་རི་ཁ་བ་ཅན་གྱི་གནའ་བོའི་བཙན་པོའི་རུས་རྐང་ལ་སེར་ཁ་བཏོད་མཁན་ཀྱི་མི་རབས་ཤིག་ཆགས་ཀྱི་ཡོད་པའི་ལོ་རྒྱུས་ཀྱི་ངོ་ཚ་དེ་འདག་ཐབས་ཡེ་ནས་མེད། དེར་བརྟེན། མིག་དཔེ་ཐུར་བལྟས་བྱེད་མཁན་གྱི་མི་རབས་འདིར་མཁོ་བ་ནི་སྣང་བ་སྐྱིད་པོ་དང་། དུས་བདེ་ལྷོད་འཇགས་ངང་མི་ཚེ་ཕུད་རྒྱག་གི་འཚོ་བ་སྐྱེལ་སྟངས་དེ་མ་ཡིན་པར། ན་ཟུག་དང་དཀའ་སྡུག་ཕྲག་ལེན་གྱི་སྙིང་སྟོབས་བསྐྱེད་དེ་ཉི་མཚན་དུས་དྲུག་ལ་སེམས་འཚབ་དང་ངལ་དུབ་ཀྱིས་འཚོ་དགོས་པའི་གཟབ་ནན་གྱི་འཚོ་སྟངས་ཤིག་འཚོལ་དགོས་ལ། མདོར་བསྡུས་ཏེ་བཤད་ན། ཕྱི་གསལ་ནང་གསལ་གྱིས་རང་ངོ་རང་གིས་ཤེས་དགོས་པ་དང་། རང་ཚང་རང་གིས་བསྔོགས་ཏེ་རང་ཉིད་ཀྱི་བླ་སྲོག་ངོ་མ་དེ་བསྐྱར་བཞེངས་བྱ་དགོས་པ་དེའོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply