ཏོའུ་ནི་ཤི་ཡའི་འོས་བསྡུ་ཆེན་མོ།

ཁ་སང་གཟའ་ཉི་མའི་ཉིན་ཏོའུ་ནི་ཤི་ཡའི་རྒྱལ་ཡོངས་འོས་བསྡུ་ཐེངས་དང་པོ་བྱས་ཡོད་ཅིང་། དེ་རིང་ནས་འོས་ཤོག་གྲངས་བཤེར་བྱེད་མགོ་བརྩམས་ཡོད་འདུག

ཏོའུ་ནི་ཤི་ཡའི་རྒྱལ་ཡོངས་འོས་བསྡུ་ལས་ཁང་གིས་བརྗོད་པ་ལྟར་ན། ཐེངས་འདིའི་འོས་བསྡུར་ཡུལ་མི་ས་ཡ་ ༤།༡ ཐོ་འགོད་བྱས་ཡོད་པ་དག་ལས་མི་མང་བརྒྱ་ཆ་ ༩༠ དངོས་སུ་འོས་བསྡུའི་ནང་ཞུགས་ཡོད་འདུག་ལ། ཏོའུ་ནི་ཤི་ཡའི་འོས་བསྡུ་དེ་ནི་ད་ལོའི་ཨ་རབ་གླིང་གི་གསར་བརྗེ་གྱེན་ལངས་ཁྲོད་རྒྱལ་ཁ་ཐོབ་པའི་མི་མང་གི་འོས་བསྡུ་ཐོག་མ་ཆགས་ཡོད་པ་རེད། ཐེངས་འདིའི་འོས་བསྡུར་ཏོའུ་ནི་ཤི་ཡའི་གཞུང་གསར་པར་མི་མང་གི་འཐུས་མི་ ༢༡༧ ལས་གྲུབ་པའི་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་ཀྱི་ཡོད་པ་དང་། གྲོས་ཚོགས་འཐུས་མི་བདམས་ཐོན་ཟིན་རྗེས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་འབེབ་དང་གཞུང་གསར་པ་འཛུགས་རྒྱུ་ཡིན་འདུག

ཏོའུ་ནི་ཤི་ཡའི་རྒྱལ་ཡོངས་འོས་བསྡུ་དེ་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད་ པ་ནས་ཕྱི་དྲོའི་ཆུ་ཚོད་ པར་བྱས་ཡོད་ཅིང་། སྐབས་དེར་རྒྱལ་སྤྱིའི་ཞིབ་བཤེར་པ་བརྒྱ་ཕྲག་ལྷག་དང་རྒྱལ་ནང་ཞིབ་བཤེར་པ་སྟོང་ཕྲག་ལྷག་འོས་བསྡུའི་ས་ཁུལ་གང་སར་འགྲོ་འོང་བྱས་བཅུག་ཡོད་ཅིང་། འོས་བསྡུར་ཚོགས་པ་ཆེ་ཆུང་ ༡༠༠ ལྷག་གིས་ཐོ་འགོད་ཀྱིས་འོས་བསྡུར་ཞུགས་ཡོད་འདུག ཐེངས་འདིའི་འོས་ཤོག་མང་ཤོས་ཁ་ཆེ་རིག་གསར་ཁ་གཏད་ཆབ་སྲིད་ཚོགས་པ་(Islamist Ennahda party) ལ་འཐོབ་རྒྱུར་སྔོན་དཔག་བྱེད་ཀྱི་ཡོད་འདུག

ཨ་རི་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་བཅས་ཀྱིས་ཏོའུ་ནི་ཤི་ཡའི་འོས་བསྡུ་དེ་རང་དབང་བདེ་འཇགས་ངང་གྲུབ་པར་བསྔགས་བརྗོད་བྱས་ཡོད་འདུག་ལ། ཨོ་བྷ་མས་འོས་བསྡུ་ནི་དམངས་གཙོའི་མདུན་སྐྱོད་ཀྱི་གོམ་པ་གལ་ཆེན་ཞིག་རེདཅེས་བརྗོད་ཅིང་། ཡུ་རོབ་མཐུན་ཚོགས་ཀྱིས་ཀྱང་རྗེས་ཕྱོགས་གཞུང་གསར་པར་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཏོའུ་ནི་ཤི་ཡའི་མི་མང་གསར་བརྗེ་གྱེན་ལངས་དེ་སྔ་ལོའི་ཕྱི་ཟླ་ ༡༢ ནང་བྱུང་སྟེ་བདུན་ཕྲག་འགའི་ནང་ལོ་ ༢༣ རིང་སྲིད་དབང་སྒེར་འཛིན་བྱེད་མཁན་སྲིད་འཛིན་ཟུར་པ་བྷེན་ཨ་ལེའི(Ben Ali) སྲིད་གཞུང་མགོ་རྟིང་སློག་རྗེས་ཁོང་དང་ནང་མི་རྣམས་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ཏོའུ་ནི་ཤི་ཡའི་འོས་བསྡུ་ཆེན་མོ།