འཐབ་རྩོད་དངོས་ལ་ཞུགས་སྟངས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༩­­­ སྟེང་གི་རྩོམ་སྒྲིག་པའི་གཏམ།

་ནི་བོད་ས་ཧྲིལ་པོའི་བོད་མི་ཡོངས་རྫོགས་འཐབ་རྩོད་དངོས་ལ་ཞུགས་སོང་། ངོ་བོ་འཚེ་བ་མེད་པ་དང་རང་བཞིན་མི་བསྟུན་པའི་ལས་འགུལ་ཚད་མཐོ་ས་དང་གཏིང་ཟབ་སར་ཞུགས་སོང་། ངས་འདི་ལྟར་བཤད་སྐབས་འདས་པའི་དུས་རབས་ཕྱེད་ལྷག་རིང་རྩ་དོན་འཐབ་རྩོད་ནང་བོད་མི་ཅི་ཙམ་གྱི་ཚེ་སྲོག་ཤོར་བ་དང་བཙོན་དུ་ཚུད་པ། དཀའ་སྡུག་མྱངས་བ་སོགས་འཐབ་རྩོད་ནང་ཟོལ་གྱིས་ཞུགས་པ་རེད་དམ་ཟེར་ན། དེ་ལ་དུས་ཚོད་ཐུང་ཐུང་ནང་ལན་གསལ་པོ་ཞིག་འདེབས་དཀའ་ཡང་། གང་ལྟར། ད་ནི་བོད་ས་ཧྲིལ་པོའི་བོད་མི་ཡོངས་རྫོགས་འཐབ་རྩོད་དངོས་ལ་ཞུགས་སོང་ཞེས་སྐད་གསང་མཐོན་པོས་བཤད་འདོད་བྱུང་སོང་།

    མི་བསྟུན་པའི་ལས་འགུལ་ནི་འཕྲལ་ཕུགས་གཉིས་ལ་ཕན་རླབས་ཆེ་ཞིང་བོད་ནང་ལག་བསྟར་བྱེད་སྟབས་བདེ་བོ་ཡོད། བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་པས་སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་འགུལ་དང་དགག་ཕྱོགས་ངོ་རྒོལ་གྱི་ལས་འགུལཟེར་བ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་ཤུགས་ཀྱིས་བསྒྲགས། ཉིས་སྟོང་བརྒྱད་ལོར་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་ཀྱང་སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་འགུལ་ཐད། སྤྱི་ཚོགས་དང་འབྲེལ་བའི་ལས་འགུལ་དོན་ཚན་བདུན་དང་ཁྱིམ་ཚང་དང་འབྲེལ་བའི་དོན་ཚན་ལྔ། མི་སྒེར་དང་འབྲེལ་བའི་དོན་ཚན་ལྔ་བཅས་དོན་ཚུན་བཅུ་བདུན་བསྟན་ཡོད།  

    ཉིན་འགའི་སྔོན་ངས་ཕ་ཡུལ་ལ་ཁ་པར་བཏང་བ་ཡིན། ངའི་ཕ་ཡུལ་ས་མ་འབྲོག་ཅིག་ཡིན་ལ་ཤིང་ནགས་དང་དབྱར་རྩྭ་དགུན་འབུ་སོགས་རང་བྱུང་ཐོན་འབབ་ཀྱང་ཡག་པོ་ཡོད། ཉིས་སྟོང་བརྒྱད་ཚུན་ལ་འཚོ་སྟངས་དེ་དག་ལ་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་བཅོས་བསྒྱུར་ཆེན་པོ་བཏང་འདུག འདི་དུས་ཀྱི་འགྱུར་འགྲོས་ཤིག་མ་ཡིན་པར་རྩ་དོན་འཐབ་རྩོད་ཀྱི་གསར་བརྗེ་ཞིག་དང་། བོད་ནང་གི་བོད་མི་ཚོ་མི་བསྟུན་པའི་ལས་འགུལ་དངོས་ལ་ཞུགས་སྟངས་ཤིག་རེད། བོད་པས་བོད་ཆས་གྱོན་པ་རྩ་དོན་དང་། བོད་པས་བོད་སྐད་བཤད་པ་ཡང་རྩ་དོན། ཐ་ན་བོད་པས་བོད་ཟས་ཟ་བ་དང་བོད་གཞས་གཏོང་བ་དག་ཀྱང་རླབས་ཆེ་བའི་འཐབ་རྩོད་ཅིག་ཡིན་པའི་ངེས་ཤེས་ཟབ་མོ་སྐྱེ་བཞིན་འདུག

    འབྲོག་པ་ཚོས་ཕྱུགས་ཟོག་བཤའ་བའི་སྡིག་ལས་སྤངས་ཏེ་༸གོང་ས་མཆོག་དང་ཕྱི་ལོགས་ན་བཞུགས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོའི་སྐུ་ཚེའི་ཞབས་རིམ་ལ་བསྔོ་བཞིན་འདུག རོང་པ་ཚོས་ཤིང་ནགས་གཅོད་འབྲེག་དང་ས་བརྐོ་རྡོ་སློག་གི་དྲག་ལས་བསྐྱུར་ནས་ཁོར་ཡུག་སྲུང་སྐྱོབ་ལ་བརྩོན་བཞིན་འདུག ལོ་ངོ་བརྒྱ་ཕྲག་རིང་གི་ས་རྩོད་ཆུ་རྩོད་དང་མི་གསོད་ཁྲག་སྦྱོར་གྱི་ཤ་འཁོན་ཞེ་འཁོན་དག་ཀྱང་རང་ཡལ་ཞི་འཇམ་དུ་སོང་སྟེ། རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱི་གསར་བརྗེའི་ལས་འགུལ་ཞིག གྲོང་གསེབ་དང་ཞིང་འབྲོག་མང་ཚོགས་དཀྱུས་མའི་ཁྲོད་ན་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་བཞིན་འདུག

            བོད་ནང་ལོ་ཆུང་བྱིས་པ་ནས་རྒན་པོ་མགོ་དཀར་ཚུན་ཕ་སྐད་གཙང་མའི་འགྲན་བསྡུར་ལ་བྲེལ་འདུག ཡི་གེ་ཤེས་མཁན་ཚོར་ཡིག་རྒྱུགས་དང་ཡི་གེ་མི་ཤེས་མཁན་ཚོར་ངག་རྒྱུགས་གཏོང་གི་འདུག རྒྱ་རིགས་དང་ཁ་ཆེའི་ཟ་ཁང་ཚོང་ཁང་དག་ལ་འབྲེལ་ལམ་གཅོད་ཀྱི་འདུག བོད་པ་བོད་པའི་ཚོང་ཁང་དང་ཟ་ཁང་ལ་འགྲོ་བཞིན་འདུག ཐ་ན་གྲོང་ཁྱེར་ཁག་གི་བོད་པ་ཚོས་ཀྱང་རྒྱ་ཆས་བསྐྱུར་ནས་བོད་ལྭ་གྱོན་པ་དང་རྒྱ་ཟས་བཅད་དེ་བོད་ཟས་ཟ་བའི་གསར་བརྗེ་ཞིག་སློང་གི་འདུག འདི་བོད་ནང་མི་བསྟུན་པའི་ལས་འགུལ་དར་ཁྱབ་ཕྱིན་ཏེ། བོད་ས་ཧྲིལ་པོའི་བོད་མི་ཡོངས་རྫོགས་འཐབ་རྩོད་དངོས་ལ་ཞུགས་པའི་དན་རྟགས་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply