ཁེར་རྒྱུགས་མ་བྱེད།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ­­­ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་དམར་ཚོགས་ཆེན་བཅོ་བརྒྱད་པ་དེ་འཛམ་གླིང་གི་ཤར་ནུབ་རྒྱལ་ཁབ་ཀུན་དང་། མི་སྒེར་ཚོགས་སྡེ་ཚང་མས་ཚོད་བགམ་སྣ་ཚོགས་ཁྲོད་ཚོགས་ཏེ།  བློ་ཕམ་དང་ཁ་རྡུང་རྫོགས་མེད་ཅིག་གིས་མཇུག་སྡོམ་བརྒྱབས་སོང་། རྒྱའི་ཁ་རྒྱུན་ལ་ཅི་གང་མེད་པ་ལས་རེ་བའི་ཁྲོད་ཀྱི་ངང་སྒུག་ནི་བདེ་སྐྱིད་ཅིག་ཡིན་པར་བཤད་སྲོལ་ཡོད་པ་ལྟར། རང་དབང་དང་ཐོབ་ཐང་ཟེར་མཁན་གྱི་རྒྱ་རིགས་ཚོ་དང་། མི་རིགས་དང་རིག་གཞུང་ཟེར་མཁན་གྱི་བོད་པ་ཚོར་མཚོན་ན།  ད་དུང་རེ་བའི་ཁྲོད་ངང་སྒུག་བྱ་སའི་རྨི་ལམ་གཅིག་ལྷག་ཡོད། དེ་ནི། ད་རེབ་ཞི་ཅིན་ཕིན་ལ་རྒྱ་གཞུང་ཏང་སྲིད་དམག་གསུམ་གྱི་དབང་ཆ་སྡེབ་གཅིག་ལ་རག་སོང་སྟབས།  ཞི་ཅིན་ཕིན་མི་སྒེར་གྱི་བསམ་བློ་དང་རྒྱའི་མ་འོངས་མདུན་ལམ་གཉིས་སྐེ་སྦྲེལ་བྱས་ཏེ།  ཞི་ཡི་ཡ་ཆུང་ཁོག་ལ་ལག་སྙོབ་ཀྱིས་རྨི་ལམ་འཚོལ་བཞིན་ཡོད། 

        ཞི་ཅིན་ཕིན་སྒེར་གྱི་འདས་པའི་བྱ་སྤྱོད་ཀྱི་ཐོག་ནས། ཁོ་ལ་བཅོས་བསྒྱུར་གྱི་བསམ་བློ་ཡོད་མེད་ཐད་སུས་ཀྱང་སྒྲུབ་བྱེད་ཡང་དག་ཅིག་སྟོན་རྒྱུ་མེད། གཅིག་ཡོད་པ་ནི་ཉེ་སྔོན་ཧུའུ་ཡའོ་པཱང་གི་བུ་ལ་ཐུག་འཕྲད་བྱས་ཡོད་སྐོར་དང་། ཞི་ཡི་ཆུང་མ་ནང་པ་ཞིག་ཡིན་ཚུལ་གྱི་གླེང་སློང་དེ་ཙམ་ཡིན།  དོན་དངོས་ཐོག་བོད་དང་རྒྱ་རིགས་མི་ཉུང་བ་ཞིག་གིས། ཕ་བཟང་གི་བུཞེས་པའི་ཚིག་འདིར་རྨི་ལམ་སྣུམ་པོ་ཞིག་བཅོལ་གྱིན་ཡོད། ལྷག་པར་དུ།  བོད་མི་ཚོས་༸གོང་ས་མཆོག་དང་ཞི་ཡི་ཕ་རྒན་གཉིས་ཐུགས་འདྲིས་ལེགས་པོ་ཡོད་པ་དེར་རེ་བ་དྲོན་པོ་ཞིག་རྒྱག་གི་ཡོད་ལ།  གཅིག་བྱས་ན་༸གོང་ས་མཆོག་གིས་ཞི་ཡི་ཕ་རྒན་ལ་ལེགས་སྐྱེས་སུ་བསྩལ་པའི་ཆུ་ཚོད་འཁོར་ལོ་དེ།  ད་ལྟ་ཞི་ཅིན་ཕིན་གྱི་ལག་མགོ་རུ་ཡོད་སྲིད་པའི་སྣང་བའང་འཆར་གྱི་ཡོད་ཚོད་རེད། གང་ལྟར་འདི་དག་ཚང་མ་རེ་བའི་ཀློང་གི་རྨི་ལམ་ཡིན་པ་ལས་ང་ཚོ་སུས་ཀྱང་ཚོད་དཔག་ཐུབ་པ་ཞིག་མིན། 

        དྲང་མོར་བཤད་ན། ང་ཚོས་རྩིས་རྒྱག་ཐུབ་པའི་རྨི་ལམ་མང་པོ་ཞིག་ཕར་གཡུགས་ཏེ།  ཚོད་དཔག་མི་ཐུབ་པའི་ལམ་འགག་ཅིག་ལ་ཁེར་རྐྱང་གིས་ཨུ་ཚུགས་རྒྱག་གི་ཡོད། བོད་དོན་འཐབ་རྩོད་བ་ཕལ་ཆེ་བས་ནམ་རྒྱུན་སོ་སོའི་མདུན་ཕྱོགས་ཀྱི་རྡོག་ལམ་གཅིག་པུ་མ་གཏོགས། གཡས་གཡོན་མཐའ་འཁོར་གྱི་གནས་སྟངས་ལ་བསམ་ཞིབ་བྱེད་ཀྱིན་མེད། དོན་དངོས་ཐོག་བོད་ཀྱི་གནད་དོན་ནི་རྒྱ་དམར་གཞུང་ལ་མཚོན་ན་བོད་སོག་ཡུ་གུར་གསུམ་གྱི་ལྡེ་མིག་ལྟ་བུ་ཞིག་ཆགས་ཡོད། གལ་སྲིད། ལྡེ་མིག་དེ་གློད་པའི་ཉིན་མོ་རྒྱ་གཞུང་གིས་ཡུ་གུར་དང་སོག་པོ་གཉིས་ཉིན་གཅིག་ལའང་ཟུར་དུ་འཇོག་ཐབས་བྲལ་ཡོད།  

        ཡིན་ནའང་།  ང་ཚོས་འདས་པའི་མི་ལོ་ ༦༠ འཐབ་རྩོད་རྒྱུད་རིམ་ཁྲོད།  བོད་སོག་ཡུ་གུར་མི་རིགས་གསུམ་མཉམ་འབྲེལ་ཐོག  རྒྱ་གཞུང་གི་དབང་སྒྱུར་སྲིད་ཇུས་ལ་ཁ་གཏད་གཅོག་ཐབས་ཀྱི་བགྲོ་གླེང་གྲོས་སྡུར་རྐང་གཅིག་ཀྱང་དྷ་སར་གོ་སྒྲིག་བྱེད་མྱོང་མེད། ད་ལྟའི་བར་རང་ཉིད་གཅིག་པུ་ཁེར་རྐྱང་དུ་འགྲེངས་ཏེ་རྒྱ་གཞུང་གི་མི་རིགས་གནད་དོན་གྱི་ལྕགས་སྒོ་ཆེན་པོ་དེ་ཤི་རྡུང་རོ་རྡུང་བྱས་ཡོད། རྨི་ལམ་ཙམ་མ་ཡིན་པར་ཚོད་དཔག་བྱེད་ཐུབ་པ་ཞིག་ནི། རྒྱ་གཞུང་གི་མིག་ནང་དུ་བོད་སོག་ཡུ་གུར་གསུམ་གྱི་གནད་དོན་ནི། སོ་སོར་བགར་ཏེ་ཐག་གཅོད་ཐབས་མེད་པའི་ངོ་བོ་དབྱེར་མེད་ཅིག་ཡིན་ལ། སྤྱི་ཚོགས་ཀྱི་གནས་བབ་དངོས་ཀྱི་ཐོག་ནས་ཀྱང་དེ་ལྟར་ཆགས་ཡོད།  དེར་བརྟེན། ང་ཚོས་ཀྱང་རང་དང་བདེ་སྡུག་མདུན་ལམ་གཅིག་པའི་ལས་མཐུན་མི་རིགས་ཚོ་རྒྱང་དུ་མི་འདོར་བར། རྨི་ལམ་གྱི་ཁ་ཕྱོགས་ལས་མཐུན་ཚོ་དང་མཛུབ་མོ་ལྔ་བཅངས་ཁུ་ཚུར་གྱི་སྟོབས་ཤུགས་བཅོལ་དགོས་པ་ལས། དམར་པོའི་སྒྲོམ་དང་དཔོན་ལ་བཅོལ་བ་ནི་རྨི་ལམ་ནང་གི་སེམས་གསོ་ཙམ་ཡིན་པ་ཤེས་དགོས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply