གདམ་ག་མེད་པའི་ལམ་ཁ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་ཕྱོགས་ནས་བར་ཐག་ཅི་ཙམ་ཉེ་བོ་བྱས་ན་རྒྱ་ཕྱོགས་ནས་དེ་ཙམ་རྒྱང་ཐག་གྱེས་ཏེ་འགྲོ་གི་འདུག བོད་མི་ཚོས་ཅི་ཙམ་ལྷག་བསམ་རྣམ་དག་བྱས་ན་རྒྱ་ནག་ཕྱོགས་ནས་དེ་ཙམ་དོགས་པ་རྣམ་རྟོག་ཟོས་ཏེ་འདྲོག་གི་འདུག བོད་དོན་གླེང་རྒྱུར་ཞེད་སྣང་དང་བོད་མིའི་ཐོག་ལ་སྡང་སེམས་ཇེ་ཆེར་འགྲོ་བཞིན་འདུག འདི་གཅིག་བྱས་ན་ང་ཚོའི་བྱེད་ཕྱོགས་རྣག་ཐོག་ལ་གཙག་བུ་ཁེལ་གྱི་ཡོད་པ་ཡིན་རྒྱུ་རེད་ལ། གཞན་དུ་ན་བོད་མི་ཚོར་ནང་རྒྱུས་ལོན་ཏེ་བོད་དོན་ལ་གདེང་སྤོབས་ཐོབ་པ་ཡིན་ཡང་སྲིད་མོད། གང་ལྟར་བོད་མི་ཚོ་གདམ་ག་མེད་པའི་ལམ་ཁ་ཞིག་ལ་འདེད་ཀྱིན་འདུག

        བཀའ་ཤག་སྐབས་བཅུ་གཉིས་པས་ཉིས་སྟོང་གཉིས་ལོར་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་བྱས་ཏེ་འབྲེལ་མོལ་ལ་ཁོར་ཡུག་བསྐྲུན་པ་རེད། ཕྱོགས་གཅིག་ནས་བོད་པའི་སྐུ་ཚབ་ཚོར་ཐུག་འཕྲད་ཀྱི་རྣམ་འགྱུར་ཞིག ཕྱོགས་གཞན་ནས་༧གོང་ས་མཆོག་ལ་རྣར་མི་བཟོད་པའི་མཚན་སྨོད་ཞུ་མགོ་བརྩམས་ཡོད། དེའི་སྔ་རྗེས་ལ་བོད་ནང་གི་དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཤུགས་ཆེ་རུ་བཏང་ཞིང་། བློ་བཟང་དོན་གྲུབ་སྲོག་ཐོག་ཏུ་བཏང་ཞིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་འཇུག་བྱས་པ་རེད།

        བཀའ་ཤག་སྐབས་བཅུ་བཞི་བས་ཀྱང་ཉི་མ་དང་པོ་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ལ་གོང་བཀུར་ཡོད་པ་དང་། ཐ་ན་བོད་དོན་འགྲིག་འཇགས་བྱུང་ཉིན་དམངས་གཙོ་ཡང་བློས་གཏོང་ཐུབ་ཀྱི་ཡོད་པ་སྔ་རྗེས་སུ་བརྗོད་ཡོད། རྒྱ་ནག་དབུས་རྒྱལ་ཡོངས་སྲིད་གྲོས་མགོ་ཁྲིད་ས་གནས་སུ་འབྱོར་ཏེ་ཡང་བསྐྱར་སྟ་གོན་བྱས་སོང་། སྔོན་ཆད་ལྷ་ས་དང་སེ་འབྲས་དགའ་གསུམ་ནང་ལག་བསྟར་བྱས་པའི་སྲིད་བྱུས་ཁག་ཁམས་དང་ཨ་མདོའི་ཕྱོགས་སུ་མགོ་འཛུགས་བྱས་སོང་།

        བོད་མི་ཚོས་ཞི་འཇམ་བསྟུན་མཁས་བྱས་ན་རྒྱ་གཞུང་གིས་དམ་དྲག་ཇེ་ཆེར་གཏོང་གི་ཡོད་ན་བོད་མིས་མཁྲེགས་འཛིན་བྱས་ན་ལྷོད་ཡངས་དེ་བས་ཀྱང་མེད་པ་ལ་ཁའི་ལུག་རྫིས་ཀྱང་ཤེས་ངེས། ད་ནི་བོད་མི་ཚོར་ལམ་ཁ་གཞན་གང་ཡང་ལྷག་མེད་པར། རྒྱལ་སྤྱིའི་གསར་ལམ་ཁག་ན་གོ་གནས་གལ་ཆེན་བཟུང་ཡོད་པའི་དྲག་སྤྱོད་ཁོ་ནའོ། རྒྱ་གཞུང་གིས་ཀྱང་འདས་པའི་མི་ལོ་ལྔ་བཅུའི་རིང་བོད་ཕྱོགས་ནས་མ་མཐོང་བའི་ལྟད་མོ་ཞིག་ནི་སྲིན་པོ་གདོང་དམར་ཁྲོས་པའི་ཉམས་དང་ཁྲག་དམར་བཞུར་བའི་དྲི་ཡིན་ངེས། 

        རྒྱ་ནག་གི་རྩོམ་པ་པོ་ཞིག་གིས་འདི་ལྟར་བོད་མིར་ཁྱད་གསོད་བྱས་ཡོད། བོད་མི་ཚོ་འདི་ལྟར་ཤི་རྒྱུའི་སྙིང་སྟོབས་ཡོད་ན་ཅིའི་ཕྱིར་གསོན་ནས་འདུག་རྒྱུའི་སྙིང་སྟོབས་མེད་སོང་བ་རེད་ཟེར། རྒྱ་རིགས་རྩོམ་པ་པོ་དེ་དག་གིས་ད་དུང་འབྲི་རྒྱུ་གཞན་ཞིག་ལྷག་ཡོད་པ་ནི། བོད་མི་ཚོས་ལུས་པོ་མེ་ལ་བསྒྲོན་ཏེ་འདི་ལྟར་རང་གི་ཚེ་སྲོག་ཕུལ་རྒྱུའི་བློ་ཁོག་ཡོད་ན་ཅིའི་ཕྱིར་རྒྱ་ནག་གཞུང་ལ་དྲག་པོའི་རྒོལ་འཛིང་བྱས་ཏེ་གཞན་སྲོག་གཅོད་པའི་བློ་ཁོག་མེད་སོང་བ་རེད་ཅེས་པ་འདི་རེད། ད་དུང་རྒྱ་གཞུང་གིས་བོད་མིས་རང་ལུས་མེར་བསྲེགས་བྱས་པ་དེ་ཏཱ་ལའི་བླ་མས་བརྒྱུད་སྐུལ་བྱས་པ་རེད་ཟེར། གལ་སྲིད་ཏཱ་ལའི་བླ་མས་བརྒྱུད་སྐུལ་བྱས་ན་བོད་མི་ཚོས་རང་ལུས་མེ་རུ་བསྒྲོན་ཏེ་རང་སྲོག་གཅོད་ཐུབ་ཀྱི་ཡོད་ན། ཏཱ་ལའི་བླ་མས་བརྒྱུད་སྐུལ་བྱས་ན་བོད་མི་ཚོས་ད་དུང་ཅི་ཡང་བྱེད་སྲིད་པ་དང་གང་ཡང་བསྒྲུབ་ཕོད་པའི་གནས་ལུགས་དེ་ཡང་རྟོགས་དགོས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply