བོད་དོན་ལས་འགུལ་ངོ་མ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་དོན་རྩོད་སྟངས་ལ་རང་བཙན་དང་དབུ་མའི་ལམ། བདེན་པའི་ཨུ་ཚུགས་དང་རང་ཐག་རང་གཅོད་སོགས་ཡོད། དེ་དག་གི་ཚིག་ངོ་གདོང་ནས་འགྲེལ་ན་བོད་རང་བཙན་ནི་དམིགས་ཡུལ་ཞིག་དང་། བདེན་པའི་ཨུ་ཚུགས་དང་རང་ཐག་རང་གཅོད་གཉིས་ཐབས་ལམ། དབུ་མའི་ལམ་ཞེས་པ་ཐབས་ལམ་དང་དམིགས་ཡུལ་གཉིས་ཀ་ཡིན་ཟེར་ཆོག བདེན་པའི་ཨུ་ཚུགས་དང་རང་ཐག་རང་གཅོད་བརྒྱུད་ནས་རང་སྐྱོང་བརྩད་ཆོག་ལ་རང་བཙན་ཡང་བསྒྲུབ་ནུས། ད་ནི་ང་ཚོས་ཕུགས་ཀྱི་དམིགས་ཡུལ་ཁ་ཁར་ཡོད་ཀྱང་འཕྲལ་གྱི་ཐབས་ལམ་གཅིག་ཐོག་བསྐྱོད་དེ། ཐུན་མོང་གི་ལས་འགན་འཁྱེར་སྟངས་དང་ལས་འགུལ་སྤེལ་སྟངས་ཐོག་མདུན་སྐྱོད་བྱེད་དགོས།   

            སྔོན་མ་ཚོགས་པ་སྒྲིག་འཛུགས་ཤིག་གིས་སྣེ་ཁྲིད། ཕྱོགས་མཐའ་ཁག་གི་མི་མང་འདུ་འཛོམས་བྱས་ཏེ། གོམ་བགྲོད་སྐད་འབོད་དང་མར་མེ་ཁྲོམ་སྐོར་བྱས་ཡོད། དེ་དག་ལས་ཚད་མཐོ་ཤོས་དེ་དུས་ཚོད་ངེས་མེད་དང་ངེས་ཅན་གྱི་ཟས་བཅད་ངོ་རྒོལ་དག་ཡིན། དེང་སྐབས་མི་སྒེར་བ་དང་ཁྱིམ་ཚང་སྒེར་བའི་ལས་འགུལ་སྣ་ཚོགས་བོད་ཕྱི་ནང་གཉིས་ན་འཐོན་ཡོང་གི་འདུག ཁོང་ཅག་གིས་ཉིན་དང་མཚན། ལོ་དང་ཟླ་བ་བསྟུད་དེ་བདེན་པའི་ཨུ་ཚུགས་གྱི་ལས་འགུལ་སྤེལ་གྱིན་འདུག འདི་ནི་བོད་དོན་འཐབ་རྩོད་ཀྱི་ངོ་བོ་གཏིང་ཇེ་ཟབ་ནས་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པའི་མངོན་རྟགས་རེད།

            སྤྱིར་བོད་པའི་གནའ་རབས་ལོ་རྒྱུས་ཐོག་བུ་ཁེར་སྐྱེས་དང་དཔའ་ཁེར་རྒྱུག་གིས་དོན་ཆེན་བསྒྲུབས་པའི་ཞབས་རྗེས་མང་ལ། ཉེ་རབས་ལོ་རྒྱུས་ཁྲོད་དུའང་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་རོང་རྒྱས་ཨ་གྲགས། དགེ་འདུན་པ་བཀྲ་བྷེ་སོགས་ཀྱིས་མཚོན་པའི་བོད་མི་སྒེར་བ་མང་པོ་ཞིག་གིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་འདི་སྤྱི་དོན་ནས་སྒེར་དོན་དང་། གཞན་དོན་ནས་རང་དོན། འདུ་འཛོམས་ནས་ཁེར་རྐྱང་གི་ངོ་བོར་བསྒྱུར་ཏེ་བོད་དོན་ཤ་ཞེན་ཆེ་མདོག་དང་། ལས་འགུལ་ཐབས་ཇུས་མཁས་མདོག་སྟོན་མཁན་ཚོར་གོམ་པ་སྤོ་སྟངས་བསླབས་ཡོད། བོད་དོན་ལས་འགུལ་དངོས་གནས་དེ་ཇི་ལྟར་སྤེལ་དགོས་མིན་གྱི་ལམ་སྟོན་གནང་ཡོད།

            ལྷག་པར་དུ་ན་ནིང་དང་ད་ལོར་གླིང་ཚ་ཚེ་བརྟན་རྡོ་རྗེས་བོད་སྐྱོད་ཞི་བའི་གོམ་བགྲོད་གནང་པ་དང་། གཞས་པ་རྣམ་གླིང་བློ་བསྟན་གྱིས་རོ་སྒོམ་དྲུད་ནས་བོད་གནས་དྲིལ་བསྒྲགས། ཨ་རིར་གནས་སྡོད་རིན་པོ་བསྟན་འཛིན་གྱིས་ཡུ་རོབ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་རྐང་འཁོར་སྐོར་སྐྱོད། ད་དུང་། ཨོ་སི་ཊོ་ལི་ཡར་ཕུན་ཚོགས་མདའ་ལྷ་ཕ་བུ་གཉིས་ཀྱིས་ཞལ་ཆེམས་བརྒྱུད་བསྒྲགས་དང་། སུད་སིར་སྟག་ཚང་དཀོན་མཆོག་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག ཤེས་རབ་ཚེ་རྡོར་མི་སྒེར་གྱིས་ལས་འགུལ་སྔ་ཕྱིར་སྤེལ་བ་སོགས་ནི་བདེན་པའི་ཨུ་ཚུགས་དང་། བོད་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེ་བའི་མདུན་སྐྱོད་ཡིན།  

            བོད་དོན་སྣེ་འཁྲིད་པ་ཚོས་ནམ་རྒྱུན་བོད་དོན་ཟེར་བ་འདི་བོད་པ་མི་རེ་ངོ་རེའི་ཕྲག་ཏུ་བབ་ཡོད་པའི་ལས་འགན་ཞིག་ཡིན་རབས་བརྒྱ་ཚར་དང་། རང་ངོ་རང་ཤེས་དང་རང་དོན་རང་གཅེས་བྱེད་དགོས་ལུགས་སྟོང་ཚར་སྐྱོར་གྱི་ཡོད་པ་ད་ནི་དངོས་སུ་ལག་ལེན་བསྟར་མགོ་ཚུགས་ཤིང་། སེམས་དཔའ་ཆེན་པོ་གྷན་གྷི་མཆོག་གི་བདེན་པའི་ཨུ་ཚུགས་ཀྱི་ལྗང་མྱུག་འབུས་མགོ་ཚུགས། བོད་མི་ཉེར་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་བ་འདི་དག་དང་། མི་སྒེར་དང་ཁྱིམ་ཚང་སྒེར་བའི་རླབས་ཆེན་གྱི་ལས་འགུལ་འདི་དག་གིས་རྒྱལ་སྤྱིའི་གསར་ལམ་ཐོག་ཨེ་འཐོན་གྱི་རེ་བ་མེད་ལ་ལོ་རྒྱུས་དེབ་ཐེར་ནང་ཨེ་འགོད་ཀྱི་དམིགས་ཡུལ་དེ་བས་ཀྱང་མེད། ང་ཚོས་ཨུ་ཚུགས་ཀྱིས་སྦྱོར་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཟེར་བའི་མིང་གི་ཆོ་ལོ་དེ་དག་ཀྱང་ཞེ་ཡུལ་ན་མེད་པར་བདེན་པའི་ཨུ་ཚུགས་ཀྱི་བོད་དོན་ལས་འགུལ་ངོ་མ་དེ་སྤེལ་མགོ་ཚུགས་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply