སྐྱེ་འགོག་རྒྱ་ཚྭ་དམར་པོ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་གསུམ་པའི་སྟེང་། རྒྱ་ནག་གི་འཆར་ལྡན་བུ་སྐྱེས་སྲིད་ཇུས་དང་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས། གྲོང་གསེབ་ས་ཁང་བདག་དབང་། དཔལ་འབྱོར་སྲིད་ཇུས་སོགས་ལ་བཅོས་བསྒྱུར་ཆེན་པོ་བཏང་ཡོད་སྐོར་གླེང་གི་ཡོད། དེ་དག་ལས་ངལ་རྩོལ་བསྒྱུར་བཀོད་ར་བ་སྒོ་བརྒྱབ་སྟེ་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གསར་དུ་སྒོ་ཕྱེས་ཡོད། དཔལ་འབྱོར་སྲིད་ཇུས་དེ་ཡང་ ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཞེས་ཆབ་སྲིད་ཀྱི་རྩ་བའི་སྒྲོམ་གཞིར་དོ་ཕོག་མི་འགྲོ་ཐབས་གཙོར་འདོན་བྱས་ཡོད།

            བོད་ནང་གི་རྒན་རྒོན་ཚོར་འདི་འདྲའི་བཤད་སྲོལ་ཞིག་ཡོད། བྱིས་པ་ཚོས་ཟ་མའི་ནང་ཚྭ་མང་པོ་འདེབས་མི་ཉན། རྒྱ་ཚྭའི་ནང་སྐྱེ་འགོག་སྨན་བསྲེས་ཡོད་པ་རེད། རྗེས་མ་སོ་སོར་ཕྲུ་གུ་སྐྱེ་པའི་ནུས་པ་ཡོད་པ་མ་རེད་ཟེར། དོན་དངོས་ཐོག་ཏུའང་སྐབས་ཤིག་ལ་བོད་ནང་གི་གྲོང་ཁྱེར་གྲོང་གསེབ་མེད་པར་ལམ་གྱི་ཟུར་དང་ཟམ་པའི་སྣེ། ཁང་པའི་རྩིག་ངོས་དང་ལུང་པའི་རྡོ་ངོས་ཚུན་ན་འཆར་ལྡན་བུ་སྐྱེས་སྲིད་ཇུས་ཀྱིས་གཞས་བཏང་ནས་བྲོ་འཁྲབ་ཀྱིན་ཡོད། བུད་མེད་མང་པོ་བཙན་གྱིས་དེད་ནས་བུ་སྣོད་གཤག་བཅོས་དང་སྐྱེས་པ་མང་པོ་བཙན་གྱིས་འཁྲིད་ནས་བཙོན་འཇུག་ཉེས་ཆད་བཏང་ཡོད།

            འཆར་ལྡན་བུ་སྐྱེས་སྲིད་ཇུས་ནང་གྲོང་ཁྱེར་ཁག་ནང་ཁྱོ་ཤུག་གཉིས་ལ་བུ་ཕྲུག་གཅིག་དང་། གྲོང་གསེབ་ཁག་ཏུ་སྐྱེ་མགོ་བུ་མོ་ཡིན་ན་ཕྲུ་གུ་གཞན་གཅིག་སྐྱེ་ཆོག་པ་སོགས་བསྒྲགས་ཡོད་ཀྱང་། ལྕག་ནག་གི་དབྱུག་པ་རིང་པོ་དེ་བོད་གཙོས་པའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་འབབ་སྟངས་སྣ་ཚོགས་བྱུང་ཡོད། ཕྱི་ནང་གསང་གསུམ་གྱི་བྱེད་ཐབས་སྤྱད་དེ་ཡིག་རྨོངས་ཀྱིས་ཁེངས་པའི་གྲོང་གསེབ་ཁག་ལ་འཕྲོད་བསྟེན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མིང་ཐོག་ནས་མངོན་སུམ་སློབ་གསོ་དང་། རྒྱ་ཚྭ་དང་སྔོན་འགོག་སྨན་ཁབ་རིགས་བརྒྱུད་དེ་སྲིད་ཇུས་འདི་གསང་ཐབས་ཀྱིས་ལག་བསྟར་བྱས་ཡོད།

            ལོ་རབས་བདུན་ཅུ་ནས་ལག་བསྟར་བྱས་པའི་སྲིད་ཇུས་འདིར་ཕམ་ཉེས་ཆེན་པོ་བྱུང་ཡོད། དེང་སྐབས་རྒྱ་ནག་གི་རྒན་གཞོན་གྲངས་འབོར་ལ་བར་ཁྱད་ཆེན་པོ་ཤོར་ཏེ་གཞོན་སྐྱེས་གཅིག་གིས་རྒན་འཁོགས་ལྔ་དྲུག་གསོ་དགོས་པ་དང་། རྒན་པ་མང་པོ་སྡེབ་གཅིག་ལ་ལས་འཁྱེར་ངལ་གསོ་བྱས་ཏེ་གཞོན་པར་ལས་ཀ་ཇེ་མང་དང་ཇེ་ལྕི་རུ་ཕྱིན་པ། གྲོང་གསེབ་ཁུལ་གྱི་བུད་མེད་ཚོར་གཤག་བཅོས་དང་སྐྱེ་འགོག་སྨན་རིགས་སྤྱད་དེ་བུད་མེད་མང་ཆེ་བ་གྲང་གཞིའི་ནད་པ་ཆགས་ཤིང་། བུད་མེད་ལ་ལ་གཉེན་སྒྲིག་མ་བྱས་གོང་ནས་སྐྱེ་འཕེལ་ནུས་པ་ཉམས་ཏེ་དབང་བོ་སྐྱོན་ཅན་ཆགས་ཡོད། ད་ལྟ་རྒྱ་ནག་ནང་ཁྱིམ་ཐོ་མེད་པའི་ཁྲིམས་འགལ་བྱིས་པ་ས་ཡ་ ༡༣ ཙམ་ལ་སློབ་སྦྱོང་དང་ལས་ཞུགས་གོ་སྐབས་རག་གི་མེད་པ་སོགས་ནི་སྲིད་ཇུས་འདིའི་གྲུབ་འབྲས་ཆེ་ཤོས་དག་ཡིན།

            ཐེངས་འདིར་འཆར་ལྡན་བུ་སྐྱེས་སྲིད་ཇུས་ལ་འགྱུར་བ་ཕྲན་ཙམ་བཏང་སྟེ་གྲོང་ཁྱེར་ཁག་ནང་ཕ་མ་གང་རུང་བྱིས་པ་གཅིག་ཅན་གྱི་ཁྱིམ་དུ་སྐྱེས་པའི་ཁྱོ་ཤུག་ལ་ཕྲུ་གུ་གཉིས་སྐྱེ་ཆོག་སྐོར་གླེང་ཡང་། བཅོས་བསྒྱུར་འདི་གྲོང་ཁྱེར་ཁག་ལས་གྲོང་གསེབ་ལ་མི་ཁྱབ། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་མང་ཆེ་བ་ཤར་ཕྱོགས་སུ་ཡོད་ཅིང་། གྲོང་ཁྱེར་དེ་དག་གི་མི་འབོར་བརྒྱ་ཆའི་དགུ་བཅུ་ཡན་རྒྱ་རིགས་ཡིན། མདོར་བསྡུས་ན་ཐེངས་འདིའི་བཅོས་བསྒྱུར་ཀྱིས་རྒྱ་རིགས་ལས་གྲངས་ཉུང་མི་རིགས་དང་གྲོང་གསེབ་ཁག་ལ་ཁེ་ཕན་གང་ཡང་མེད་པ་མ་ཟད། གྲོང་ཁྱེར་ནང་གི་རྒྱ་རིགས་གྲངས་འབོར་འཕར་ཏེ་གྲངས་ཉུང་མི་རིགས་དང་གྲོང་གསེབ་ཁག་ལ་ལས་ཞུགས་གོ་སྐབས་ཇེ་ཉུང་དུ་འགྲོ་རྒྱུའི་ཉེན་ཁ་སྔར་ལས་ཇེ་ཆེར་སོང་ཡོད།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply