བོད་སྐད་ཀྱི་སྤྲང་པོ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༡༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

  གཟའ་མིག་དམར་ཉིན་ངྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་ཤེས་ཡོན་ཚོགས་ཆེན་ཐེངས་དྲུག་པ་ཚོགས་སོང་། ཚོགས་ཆེན་དེ་མ་ཚོགས་པའི་ཉིན་གཉིས་ཀྱི་སྔོན་ལ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་གླིང་བ་ཞིག་གིས་སམ་བྷོ་ཊ་དང་མ་སུ་རི། བོད་ཁྱིམ་བཅས་ཀྱི་འགན་འཛིན་དང་དགེ་རྒན་སྐོར་ཞིག་ལ་དགེ་རྒན་ཁྱད་ལས་ཡར་རྒྱས་གཏོང་ཕྱོགས་ཐོག་ཟབ་སྦྱོང་ཞིག་ངྷ་སྟེང་བོད་ཁྱིམ་དུ་ཚོགས་སོང་། འདི་ཤེས་ཡོན་ཚོགས་ཆེན་ལ་འབྲེལ་བ་ཡོད་ཀྱང་ཤེས་ཡོན་སྲིད་བྱུས་དང་བར་ཐག་རིང་། ཤེས་རིག་ཚོགས་ཆེན་མགོ་འཛུགས་བྱས་པ་དང་མཉམ་དུ། ཤེས་ཡོན་སྲིད་བྱུས་སྐོར་གྱི་གླེང་ཉོག་དག་ཀྱང་ཤུགས་ཆེ་རུ་ཕྱིན་སོང་། བོད་ཡིག་བོད་སྐད་ལ་དགའ་ཞེན་ཡོད་མཁན་སྐོར་ཞིག་གིས་ཚོར་བ་རྣོན་པོས་ཐོག་ནས་རྩོད་པ་རྒྱག་གི་འདུག

    སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་ཤག་ལ་ཤེས་ཡོན་སྲིད་བྱུས་སྐོར་ལ་བརྡ་འདེད་ཡང་ཡང་བཏང་། བཀའ་ཤག་གིས་གྲོས་ཚོགས་ནང་ཤེས་ཡོན་སྲིད་བྱུས་ཐོག་ཕྱག་ལས་མང་པོ་གནང་རབས་ཀྱི་གྲངས་ཀ་བརྩིས། སློབ་གྲྭ་ཁག་ཅིག་གི་དགེ་རྒན་དང་འགན་འཛིན་ཚོས་ཀྱང་ཤེས་ཡོན་སྲིད་བྱུས་ལག་ལེན་དངོས་འབེབས་བྱས་ཚུལ་གྱི་ལས་བསྡོམས་རིང་པོ་བཟོས། འོན་ཀྱང་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་བོད་ཡིག་གནས་ཚད་སྔར་བཞིན་སྐྱོ་བོ་དང་། དགེ་རྒན་དང་འབྲེལ་ཡོད་ལས་བྱེད་ཚོ་ཤེས་ཡོན་སྲིད་བྱུས་ཐོག་གདེང་ཚོད་དང་ཡིད་ཆེས་ཇེ་ཞན། ཐ་ན་གངས་ཅན་སྐྱིད་གཞུང་གི་བོད་ཡིག་བོད་སྐད་ཀྱི་ཁོར་ཡུག་ཀྱང་རྒྱ་ཇེ་ཆུང་ནས་གུ་ཇེ་དོག་རེད།

    དེང་སྐབས་བོད་ནང་དུ་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཏེ། བྱིས་པ་སྣབས་ལུག་ནས་བརྒྱད་ཅུའི་རྒན་པོ་ཚུན་ལ་འབྲི་རྒྱུགས་དང་ངག་རྒྱུགས་བཏང་སྟེ་བཟང་པོར་བྱ་དགའ་དང་ངན་པར་ཉེས་པ་གཏོང་གི་འདུག ལས་འགུལ་དེ་དག་གྲོང་གསེབ་དང་འབྲོག་ཁུལ་དག་ཡིན་སྟབས། མ་འོངས་པར་གྲོང་ཁྱེར་དང་སློབ་གྲྭ ལས་ཁུངས་སོགས་སུ་རྒྱ་སྐྱེད་གཏོང་དགོས། གྲོང་གསེབ་དང་འབྲོག་ཁུལ་ནི་མ་གཞི་ནས་བོད་སྐད་དག་གཙང་གི་ཕ་ཡུལ་ཡིན། བོད་སྐད་དྭངས་མ་དང་བོད་ཡིག་དག་མའི་བུ་རབས་ཚ་རྒྱུད་དག་ཀྱང་གྲོང་གསེབ་དང་འབྲོག་ཁུལ་དག་ན་ཡོད།

     ན་ནིང་ད་ལོར་འུ་ཅག་བཙན་བྱོལ་ནང་སྐད་ཡིག་སྲུང་སྐྱོབ་ཤུགས་ཆེན་གླེང་གི་ཡོད་ཀྱང་། བསམ་བློ་ཞིབ་ཏུ་བཏང་ན་བོད་ཕྱི་ནང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་གོ་དོན་ཁ་ཁ་རེད་ལ། དམིགས་ཡུལ་དང་ལས་འགན་ཡང་སོ་སོ་རེད་ཟེར་ཆོག ཆུང་ནས་ནས་བཤད་ན་བོད་ནང་གསར་བྱུང་གི་ཅ་དངོས་འཕུད་བོད་མི་རྒན་དར་གཞོན་གསུམ་སུ་ཞིག་ཡིན་ཡང་བོད་སྐད་ཀྱིས་མ་འདང་པའི་དཀའ་ངལ་མེད། བཙན་བྱོལ་ནང་གཞིས་ཆགས་ཁག་གི་རྒན་རྒོན་ཚོ་འཕུད་གཞོན་སྐྱེས་ཚོའི་ཁྲོད་དུ། གཏམ་ཀུ་རེ་སོགས་བོད་པའི་དམངས་སྲོལ་ལ་བྱང་གོམ་ཡོད་མཁན་ཕར་ཞོག ཐ་ན་ཕན་ཚུན་བར་ཁ་བརྡ་ལྷུག་པོ་ཞིག་བྱེད་པར་ཡང་བོད་པའི་བརྡ་དང་ཐ་སྙད་ཀྱིས་མ་འདང་པའི་དཀའ་ངལ་འཕྲད་བཞིན་ཡོད།

   དེང་གི་བརྡ་འཕྲིན་བརྒྱུད་ལམ་ཁག་གིས་ཚུར་བོད་པ་ཚོར་བོད་ཡིག་བོད་སྐད་སློང་མོ་རྒྱག་བཞིན་པའི་སྐབས་འདིར། ཁ་པར་དང་དྲ་རྒྱ་སོགས་ཀྱི་མཉེན་ཆས་ཁག་ལ་བོད་ཡིག་བོད་སྐད་འཇུ་བའི་ཕོ་བ་དང་སྒྱུ་མ་ཡོད་ཀྱང་། འུ་ཅག་བཙན་བྱོལ་བོད་པའི་གཞོན་སྐྱེས་ཚོ་ནང་བཞིན། ཁོང་ཚོའི་ཀླད་པའི་ནང་དུའང་བོད་ཡིག་བོད་སྐད་ཀྱི་རྨང་གཞི་ཉུང་དྲགས་པའི་དཀའ་ངལ་འཕྲད་བཞིན་འདུག འདོམ་བདེ་བོས་བཤད་ན། བོད་ནང་གི་བོད་མི་ཚོས་གསར་བྱུང་གི་དངོས་པོར་བོད་མིང་གསར་པ་བརྩམས་ཏེ་བསླབ་དགོས་པ་དང་། བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་བོད་པའི་བརྡ་དང་ཐ་སྙད་རྙིང་པ་བཙལ་ནས་སྦྱོང་དགོས་པ་དེ་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་བོད་པའི་སྐད་ཡིག་སྲུང་སྐྱོབ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply