ཧོང་ཀོང་དུ་བོད་ཀྱི་གློག་བརྙན་དང་རིག་གཞུང་དུས་སྟོན།

 

རྒྱ་ནག་མི་མང་ལ་བོད་དོན་ངོ་སྤྲོད་གནང་ཆེད་ཧོང་ཀོང་དུ་བདུན་ཕྲག་གཉིས་རིང་གི་བོད་དོན་གློག་བརྙན་དང་རིག་གཞུང་དུས་སྟོན་ཞིག་མགོ་འཛུགས་གནང་ཡོད་འདུག

 

drum2ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥ པའི་སྟེང་། ཧོང་ཀོང་རྒྱ་ནག་སློབ་གྲྭ་ཆེན་མོ་རུ། བོད་ཀྱི་གློག་བརྙན་དང་རིག་གཞུང་དུས་སྟོན་ཐེངས་གསུམ་པ་དེ་མགོ་བཙུགས་ཡོད་པ་དང་། དུས་སྟོན་དབུ་འབྱེད་མཛད་སྒོར་གློག་བརྙན་ཁྲབ་སྟོན་པ་དང་རི་མོ་བ། སློབ་ཆེན་དེ་གའི་དགེ་ལས་སློབ་ཕྲུག་སོགས་མི་ ༡༠༠ ཙམ་མཉམ་ཞུགས་གནང་ཡོད་འདུག

 

དུས་སྟོན་འདིའི་སྟེང་བོད་ཀྱི་དངོས་ཡོད་གནས་ཚུལ་སྐོར་གྱི་གློག་བརྙན་གཟིགས་འབུལ་དང་། རང་ལུས་མེ་བསྲེགས་གཙོས་པའི་བོད་ཀྱི་རང་དབང་འཐབ་རྩོད་མཚོན་པའི་རི་མོ་ ༧༠ ཙམ་འགྲེམས་སྟོན། དེ་བཞིན། འཛམ་གླིང་ཤར་ནུབ་ཀུན་ནས་ཕེབས་པའི་གློག་བརྙན་ཁྲབ་ཁྲིད་པ་དག་དང་ལྷན་དུ་བགྲོ་གླེང་། ཧོང་ཀོང་གི་སྒྱུ་རྩལ་པ་འགས་ལས་རིམ་རེ་རེའི་མཚམས་སུ་བོད་ཀྱི་རིག་གཞུང་མཚོན་པའི་ཁྲབ་སྟོན་བྱ་རྒྱུ་བཅས་བདུན་ཕྲག་གཉིས་རིང་ལས་རིམ་གོ་སྒྲིག་བྱས་ཡོད་འདུག

 

The-Match-Man2དུས་སྟོན་གོ་སྒྲིག་པ་གཙོ་བོ་ལྕམ་ཌོར་ཐེ་ Dorothy ལགས་ཀྱིས་བརྗོད་དོན། དུས་སྟོན་འདི་ཧོང་ཀོང་དུ་འཚོགས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ངོ་བོ་རྒྱ་ནག་མི་མང་ལ་ངོ་སྤྲོད་བྱ་ཆེད་ཡིན་པ་དང་། རྒྱ་ནག་མི་མང་ལ་གཡོ་འགུལ་ཕྲན་བུ་ཐེབས་པའི་ཉིན་མོར། རྒྱ་ནག་དམར་གཞུང་གཡོ་འགུལ་ཆེན་པོ་ཞིག་ཐེབས་རྒྱུ་ཡིན་པ་སྨོས་མེད་ཡིན་སྟབས། ང་ཚོས་རྒྱ་ནག་མི་མང་ལ་གནས་ཚུལ་ངོ་མ་མཁོ་སྤྲོད་བྱེད་པར་ཤུགས་རྒྱག་གི་ཡོད། ཅེས་བརྗོད་སོང་།

 

གློག་བརྙན་དུས་སྟོན་འདི་ཌོར་ཐེ་ལགས་སྒེར་ངོས་ནས་ཧོང་ཀོང་ནང་གོ་སྒྲིག་བྱས་པ་ཐེངས་གསུམ་པ་དང་། ད་རེབ་ནི་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་འདུག ཌོར་ཐེ་ལགས་ནི་ཧོང་ཀོང་གི་ཡུལ་མི་དཀྱུས་མ་ཞིག་ཡིན་པ་དང་། མོ་རང་གིས་ལོ་ལྟར་མ་སྐུལ་དང་བླངས་ཐོག་གསུམ་བཅུའི་དུས་དྲན་སོགས་བོད་པའི་དུས་དྲན་ཆེ་ཁག་ཏུ་བོད་དོན་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་འདུག
གནས་ཚུལ་གཏོང་མཁན་འཕྲིན་ལས་རྒྱ་མཚོ་ཡིན།

བསྐྱར་བཅོས།: ༢༠༡༥/༡༡/༠༤

Leave a Reply