གཞོན་སྐྱེས་ཚོས་བོད་མིའི་སྒྲིག་འཛུགས་ལ་སློབ་སྦྱོང་གནང་རོགས།

 

ཟླ་སྔོན་མའི་ཚེས་ ༣༠ ནས་ཟླ་འདིའི་ཚེས་ ༡༡ བར། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཐོག རྒྱལ་སྤྱིའི་ཚོགས་ཆེན་ཞིག་ཚོགས་པའི་སྟེང་། བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་མཉམ་ཞུགས་གནང་ཡོད་སྟབས། འདི་གའི་གསར་འགོད་པས་བཀའ་བློན་མཆོག་ལ་ཚོགས་ཆེན་དེ་དང་འབྲེལ་ནས་དྲི་བ་ཁག་ཅིག་བཏོན་ཡོད།

 

IMG_4135དྲི་བ། ཉེ་ཆར་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་ཞིག་ཚོགས་པའི་སྟེང་། བཀའ་བློན་མཆོག་གཙོས་པའི་བོད་པའི་སྐུ་ཚབ་ཁག་ཅིག་མཉམ་ཞུགས་གནང་ཡོད་པ་རེད། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

 

ལན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་འདུ་དེ་ལོ་ལྟར་ཚོགས་བཞིན་ཡོད་པ་རེད། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ལོ་གཅིག་མ་གཏོགས་མཉམ་ཞུགས་བྱས་ཡོད། ད་ལོ་ཚོགས་ཆེན་སྟེང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་གན་རྒྱ་འཇོག་གི་ཡོད་སྟབས། ང་ཚོས་སྡིངས་ཆ་འདི་བེད་སྤྱད་དེ་བོད་ནང་ནི་ཁོར་ཡུག་གནད་དོན་མ་ཟད། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་དེ་རྒྱལ་སྤྱིའི་ཐོག་གོ་རྟོགས་སྤེལ་བའི་གོ་སྐབས་དམིགས་བསལ་བ་ཞིག་ལ་ངོས་འཛིན་བྱས་ཏེ་ཧུར་བརྩོན་བྱས་པ་ཡིན། ཚོགས་ཆེན་ཐོག་ང་ཚོ་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་བཀའ་བློན་དང་། ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན། སྦར་སིལ་སྐུ་ཚབ་དོན་གཅོད་དང་ཧྥ་རན་སིའི་འབྲེལ་མཐུད་པ། དེ་བཞིན་ང་ཚོའི་ཁོར་ཡུག་ཚན་པའི་ལས་བྱེད་ཟུར་བ་ཞིག་བཅས་མི་ ༥ ཕྱིན་པ་རེད། གཞུང་འབྲེལ་མ་ཡིན་པའི་བུད་མེད་ཚོགས་པའི་སྐུ་ཚབ་ཅིག་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་སྐུ་ཚབ་ཅིག་མཉམ་ཞུགས་བྱས་པ་རེད།

 

དྲི་བ། ཐེངས་འདི་བོད་པའི་སྐུ་ཚབ་ཚོས་ཚོགས་ཆེན་སྟེང་ཞུ་གཏུག་བྱས་པའི་ཡིག་ཆ་ཁག་གི་ནང་ག་རེ་འཁོད་ཡོད་པ་དང་། དེར་ཚོགས་ཞུགས་པ་ཚོས་དོ་སྣང་གང་འདྲ་འདུག

 

ལན།  ང་ཚོས་ཐེངས་འདིར་ཞུ་གཏུག་བྱེད་ས་ཁག་གསུམ་ཡོད་པའི་གཅིག་ཚོགས་ཆེན་གཙོ་སྐྱོང་གནང་མཁན་མཉམ་འབྲེལ་རྒྱལ་ཚོགས་དང་། གཉིས་པ་དེ་རྒྱ་ནག་གཞུང་། གསུམ་པ་དེ་རྒྱལ་སྤྱིའི་མི་མང་ཚོ་རེད།

མཉམ་འབྲེལ་རྒྱལ་ཚོགས་ལ་ད་རེབ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གྲོས་ཆོད་དེ་ང་ཚོར་ཕན་ཐོགས་ཡོད་པ་ཞིག་འཇོག་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱ་ནག་གཞུང་ལ་འབོད་སྐུལ་དོན་ཚན་ ༤ ཞུས་ཡོད་པ་རེད། དང་པོ། ༢༠༡༥ ལོའི་རྒྱ་གཞུང་རང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ཤིག་གཏན་ལ་ཕབ་ཡོད་པ་དང་། ཁྲིམས་དེ་ཡིག་ཐོག་ཏུ་ཡོད་པ་ནང་བཞིན་ལག་ལེན་བསྟར་རོགས་ཞུས་ཡོད་པ་རེད། གཉིས་པ། བོད་ནང་དུ་གཏེར་ཁ་སྔོག་འདོན་སྐབས་སུ་ཁོར་ཡུག་ལ་ཤན་ཤུགས་ག་རེ་ཐེབས་ཀྱི་ཡོད་མེད་དང་། ཡུལ་མི་ལ་ཤན་ཤུགས་ག་རེ་ཐེབས་ཀྱི་ཡོད་མེད་སོགས་ལ་ཞིབ་འཇུག་ལེགས་པོ་གནང་རྒྱུ་དང་། གང་འདོད་དུ་རང་བྱུང་གཏེར་ཁ་མི་སྔོག་རྒྱུ་གལ་ཆེན་པོ་རེད་ཅེས་ཞུས་ཡོད་པ་རེད། གསུམ་པ། བོད་མཐོ་སྒང་སྲུང་སྐྱོབ་ཀྱི་བདག་པོ་ང་ཚོ་བོད་མི་ཡིན་པ་དང་། ཡང་སྒོས་བོད་པའི་འབྲོག་པ་ཡིན་པའི་ཆ་ནས་མི་རབས་ནས་མི་རབས་བརྒྱུད་དེ་བོད་མཐོ་སྒང་སྲུང་སྐྱོབ་དང་བདག་སྐྱོང་བྱ་བའི་ཉམས་མྱོང་དང་ཤེས་བྱ་ཡོད་པ་ངོས་ཟིན་པའི་ཐོག་ནས། ང་ཚོའི་ཁོར་ཡུག་དང་འབྲེལ་བའི་གནད་དོན་ཁག་ལ་གདོང་ལེན་བྱེད་པར་ངེས་པར་དུ་བོད་པའི་ཉམས་མྱོང་དེ་བེད་སྤྱོད་གཏོང་དགོས་ལབ་ཡོད་པ་རེད། བཞི་པ། བོད་ནང་གི་ས་ཆ་མང་པོ་ཞིག་དང་། ལྷག་པར་དུ་འབྲོག་ཕྱོགས་ཀྱི་འཚོ་གནས་གྲོང་ཁྱེར་ཅན་དུ་སྒྱུར་བཞིན་ཡོད་སྟབས། མི་འབོར་མང་དུ་འགྲོ་བ་དང་། དེ་བཞིན། ཡུལ་སྐོར་སྤྲོ་འཆམ་པ་དང་དེའི་ནང་ནས་ཀྱང་རྒྱ་མི་རིགས་ལོ་རེ་ནས་ལོ་རེར་སྟོང་ཕྲག་མང་པོ་ཡོང་གི་ཡོད་སྟབས། བོད་མཐོ་སྒང་གི་ཁོར་ཡུག་གཏོར་བརླག་མི་གཏོང་རྒྱུ་དང་། འབྲོག་ཕྱོགས་གྲོང་ཁྱེར་གྱི་རྣམ་པར་སྒྱུར་རྒྱུ་ཡིན་ཟེར་ནས་གནམ་ཐང་མང་པོ་འཛུགས་སྐྲུན་བྱེད་ཀྱི་ཡོད་སྟབས། རྒྱ་ནང་དུ་གྲོང་ཁྱེར་འཕེལ་རྒྱས་བཏང་བ་ལྟར་བོད་མཐོ་སྒང་དུ་འཕེལ་རྒྱས་གཏོང་ཐབས་ཡོད་པ་མ་རེད་ཅེས་ཞུས་ཡོད།

 

ང་ཚོས་རྒྱལ་སྤྱིའི་མི་མང་ལ་ག་རེ་ཞུས་ཡོད་པ་རེད་ཟེར་ན། གཞུང་དང་གཞུང་གི་བར་ལ་འབྲེལ་བ་བྱས་ཏེ་བོད་མཐོ་སྒང་སྲུང་སྐྱོང་ག་འདྲ་བྱེད་དགོས་མིན་དང་། ང་ཚོ་ཨེ་ཤ་ཡའི་རྒྱུག་ཆུ་མང་པོ་ཞིག་གི་འབྱུང་ཁུངས་ཡིན་སྟབས། ང་ཚོ་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་དང་འབྲེལ་བ་ཆགས་ཡོད་པ་རེད། མཐོ་སྒང་གི་རྒྱུག་ཆུ་རྣམས་སྲུང་སྐྱོབ་དེ་ང་ཚོ་བོད་མིའི་སྒྲིག་འཛུགས་གཅིག་པུས་སྒྲུབ་ཐུབ་པ་ཞིག་མ་རེད། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གཞུང་དང་མི་མང་ཚང་མས་ཐུགས་སྣང་གནང་དགོས་པ་དང་། རྒྱལ་སྤྱིའི་ཐོག་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་ཡོད་མཁན་ཚོས་རྒྱལ་སྤྱིའི་སྟེང་ཁོར་ཡུག་དང་འབྲེལ་བའི་ཚོགས་འདུ་ག་རེ་ཚོགས་ཀྱང་། ངེས་པར་དུ་བོད་མཐོ་སྒང་གི་གནད་དོན་དེ་གླེང་སློང་བྱ་དགོས་པ་སོགས་བཀོད་ཡོད་པ་རེད།

 

དྲི་བ། ཐེངས་འདིར་ཁྱོད་རང་ཚོས་ཞུ་གཏུག་བྱས་པའི་ནང་དོན་ཁག་གི་ཐོག་ཚོགས་ཞུགས་པ་ཚོས་དོ་སྣང་གང་གང་འདྲ་འདུག་གམ།

 

ལན། དོ་སྣང་གང་ལ་གང་འཚམ་ཡག་པོ་གནང་གི་འདུག ང་ཚོ་ད་ཐེངས་ཚོགས་ཆེན་རང་གི་ཐོག་ལ་ཞུགས་པའི་གོ་སྐབས་མེད་ན་ཡང་། ང་ཚོར་སྐད་ཆ་བཤད་པའི་གོ་སྐབས་མང་པོ་བྱུང་སོང་ལ། ང་ཚོས་བགྲོ་གླེང་གོ་སྒྲིག་བྱས་པ་དང་ལས་འགུལ་སོགས་སྤེལ་རྒྱུའི་གོ་སྐབས་ཀྱང་ཡག་པོ་བྱུང་སོང་། དེ་བཞིན། གསར་འགོད་པ་དང་དྲི་བ་དྲིས་ལན་དང་། ཧྥ་རན་སིའི་གྲོས་ཚོགས་གོང་མའི་ནང་བོད་དོན་སྐོར་སྙན་སེང་ཞུ་རྒྱུའི་གོ་སྐབས་ཀྱང་བྱུང་སོང་།

རྒྱ་ནག་ལྟ་བུ་ཡིན་ན། ༢༠༡༥ ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ཤིག་བཟོས་ཡོད་པ་རེད། ཁྲིམས་དེའི་ནང་གལ་ཆེ་ཤོས་ཤིག་ནི་ཁྲིམས་དེའི་དོན་ཚན་ཁ་ཤས་བོད་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པའི་གཅིག རྒྱ་ནག་ནང་ལོགས་སུ་ཁོར་ཡུག་ཐུན་མོང་མ་ཡིན་པའི་ས་ཁུལ་དེ་ཚོར་ང་ཚོས་དམིགས་བསལ་དོ་སྣང་བྱེད་དགོས་ཀྱི་ཡོད་པ་རེད་ཟེར་བ་དང་། གཉིས་ས་གནས་ཡུལ་མི་དང་ས་གནས་ཤེས་བྱ་དེ་ང་ཚོས་བེད་སྤྱོད་གཏང་བ་དང་གཞི་འཇོག་ས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད་ཟེར་བ་སོགས་འཁོད་ཡོད་དུས། ཡང་ཁྲིམས་ཐོག་ནས་ང་ཚོས་དེ་གཞིར་འཛིན་ས་ཞིག་ཆགས་ཀྱི་ཡོད་པ་རེད།

 

དྲི་བ། སྐུ་ཉིད་དྲིལ་བསྒྲགས་བཀའ་བློན་དུ་བཞུགས་ཏེ་ལོ་ ༥ འགྲོ་བཞིན་ཡོད་པ་རེད། ལོ་ངོ་དེ་དག་རིང་གི་སྐུ་ཉིད་ཀྱི་ཉམས་མྱོང་ངོ་སྤྲོད་ཅིག་གནང་རོགས།

 

ལན། སྤྱིར་ང་ཕྱི་རྒྱལ་ནས་འཚར་ལོངས་བྱུང་སྟེ། འདིར་ལས་ཀ་བྱས་པ་ཐེངས་དང་པོ་རེད་ལ། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུ་ཞུས་པ་ཐོག་མ་རེད། འདས་པའི་ལོ་ལྔའི་ཉམས་མྱོང་གི་ཐོག་ནས་ཞུས་ན། བོད་མིའི་སྒྲིག་འཛུགས་འདི་ཧ་ཅང་གལ་ཆེན་པོར་མཐོང་སོང་། བོད་མིའི་སྒྲིག་འཛུགས་འདི་བཟང་རུང་ངན་རུང་། བོད་མིའི་འཐབ་རྩོད་ལ་མགོ་ཁྲིད་མཁན་དེ་བོད་མིའི་སྒྲིག་འཛུགས་འདི་རང་ཆགས་བསྡད་ཡོད་པ་རེད། སྒྲིག་འཛུགས་འདི་ང་ཚོའི་མི་རབས་རྒན་པ་ཚོས་དཀའ་ལས་མང་པོ་ཞིག་བརྒྱབ་ནས་བཙུགས་པ་རེད། ད་བར་ལོ་ངོ་ ༥༠ ལྷག་འགྲོ་བཞིན་ཡོད་པ་རེད། དེར་བརྟེན། འདི་ལ་བདག་སྐྱོང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དྷ་རམ་ས་ལར་སྡོད་མཁན་ཚོ་མ་གཏོགས་ན་གཞོན་མང་པོ་ཞིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དང་བྱ་བ་བྱེད་སྟངས་ཤེས་ཀྱི་ཡོད་པ་མ་རེད། ལྷག་པར་དུ་ཕྱི་རྒྱལ་ཁག་ཏུ་འཚར་ལོངས་བྱུང་མཁན་ཚོས་ཤེས་ཀྱི་ཡོད་པ་མ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་བོད་ནང་གི་བོད་མི་ཚོའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་དང་། བཙན་བྱོལ་སྤྱི་ཚོགས་ལ་ལྟ་རྟོགས་བྱེད་རྒྱུ་དེ་རེད། བོད་མི་གཞོན་སྐྱེས་ཚོས་བོད་པའི་རྩ་དོན་འཐབ་རྩོད་ཐོག་ཞེ་དྲགས་གནང་མ་ཐུབ་པ་ཡིན་ནའང་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་དང་ཕྱག་ལས་གནང་སྟངས་གང་འཚམ་ཞིག་ཤེས་པ་ཡིན་ན། རང་བཞིན་གྱིས་སོ་སོས་ག་རེ་བྱེད་དགོས་པ་དང་། ག་རེ་གལ་ཆེན་པོ་ཡིན་པ་ཤེས་ཡོང་གི་རེད། བྱེད་སྟངས་གང་འདྲ་ཡིན་པ་སོགས་ཧ་གོ་ཡོང་གི་རེད། དེ་བོད་སྤྱི་བའི་ལས་ཀ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག

 

དྲི་བ། འདས་པའི་ལོ་ངོ་ལྔའི་རིང་སྐུ་ཉིད་ལ་དཀའ་ངལ་ཟེར་ན་འདྲ། གྲུབ་འབྲས་མ་ཐོན་པ་དང་འདོད་པ་མ་ཁེངས་པའི་གནས་ཚུལ་གང་དག་བྱུང་སོང་།

 

ལན། སྤྱིར་མི་ཟེར་བ་འདིའི་འདོད་པ་ཁེངས་རྒྱུ་དཀའ་མོ་རེད། ང་རང་ཡིན་ནའང་ཕྱི་རྒྱལ་ཞིག་ནས་སོ་སོ་སྒེར་གྱི་ལས་ཀ་བཞག་ནས་འདིར་བོད་སྤྱི་བར་གོ་ཕྲན་བུ་ཆོད་ན་སྙམ་པའི་རེ་བ་ཞིག་བཟུང་ནས་ཡོང་བ་རེད། ཡིན་ནའང་སོ་སོའི་འདོད་པ་ཁེངས་པ་ཞིག་ཡོང་རྒྱུ་དཀའ་ལས་ཁག་པོ་ཡིན་ན་ཡང་ལས་དོན་གང་ལ་གང་འཚམ་འགྲུབ་ཡོད་བསམ་གྱི་ཡོད། དེ་ང་རང་གཅིག་པུ་མ་རེད་ལས་བྱེད་ཚང་མའི་མཉམ་རུབ་དང་རྒྱབ་སྐྱོར་གནང་བའི་གྲུབ་འབྲས་རེད། ད་བར་སོ་སོ་སྒེར་གྱི་ངོས་ནས་ཀྱང་འཇོན་ཚོད་ཐུབ་ཚོད་ཀྱིས་ཧུར་ཐག་བྱས་པ་ཡིན། བྱ་བ་གལ་ཆེན་པོ་ཞིག་སྒྲུབ་ཐུབ་ཡོད་མེད་ལ་མ་ལྟོས་པར་བོད་མི་མང་ལ་ཞབས་འདེགས་སྒྲུབ་པའི་གོ་སྐབས་བྱུང་བ་འདི་ང་རང་གི་བསོད་ནམས་ཆེན་པོ་ཡིན་བསམ་གྱི་ཡོད། དེ་བཞིན། འདིར་བྱ་བ་སྒྲུབ་པའི་རིང་ལ་ཕྱོགས་གང་ཐད་ནས་སོ་སོར་ཉམས་མྱོང་དང་ཤེས་བྱ་མང་པོ་ཞིག་བསགས་སོང་། འདི་སོ་སོའི་མི་ཚེ་ནང་ཡོན་ཏན་རྩ་ཆེན་པོ་ཞིག་ཡིན་བསམ་གྱི་ཡོད་ལ། མ་འོངས་པར་བོད་སྤྱི་བར་ལས་ཀ་བྱེད་ཕྱོགས་ཐོག་ལའང་ཉམས་མྱོང་གལ་ཆེན་པོ་རེད་བསམ་གྱི་ཡོད།

 

དྲི་བ། མི་མང་ལ་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།

 

ལན། ཁྱེད་རང་ཚོའི་བརྒྱུད་ལམ་དེ་གཙོ་བོ་བོད་པའི་སྤྱི་ཚོགས་ཆགས་ཡོད་དུས་ང་ལ་ག་རེ་ཞུ་རྒྱུ་ཡོད་ཟེར་ན། བོད་མིའི་སྒྲིག་འཛུགས་ལས་དོན་གཙོ་བོ་ཁག་ག་རེ་རེད་ཟེར་ན། རྒྱ་མི་རིགས་དང་འབྲེལ་བ་ཞུ་རྒྱུ་དང་། གཉིས་པ་རྒྱ་གར་སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུ་དང་རྒྱབ་སྐྱོར་འཚོལ་ཐབས། གསུམ་པ་ཁོར་ཡུག་དང་འབྲེལ་བ། བཞི་པ་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་རྒྱུ། ལྔ་པ་རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཚགས་ཚུད་དང་ཤུགས་ཆེ་རུ་གཏོང་རྒྱུ་སོགས་རེད། ལས་དོན་འདི་དག་ཚང་མ་བོད་མིའི་སྒྲིག་འཛུགས་ཁོ་ནས་འགན་དུ་བླངས་པ་ཙམ་གྱིས་ལས་གོ་ཆོད་ཐབས་ཡོད་པ་མ་རེད། ང་ཚོར་མིའི་ནུས་སྟོབས་དང་དཔལ་འབྱོར་གྱི་སྟོབས་ཤུགས་གང་ཐད་ནས་འདང་གི་མ་རེད། དེར་བརྟེན། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབས་ཐག་གཅོད་ག་རེ་གནང་སྟེ་ཁྱབ་བསྒྲགས་བྱས་པ་དེར་བོད་མི་ཚང་མས་དོ་སྣང་བྱས་ཏེ། སོ་སོ་རང་ཉིད་ཀྱང་བོད་ཀྱི་སྐུ་ཚབ་ཅིག་ཡིན་སྙམ་པའི་ཐོག་ནས་མི་གཞན་ལ་ངོ་སྤྲོད་དང་། བོད་སྤྱི་བའི་ལས་དོན་ཐོག་མཉམ་རུབ་གནང་རོགས་ཟེར་ནས་འབོད་སྐུལ་ཞུ་བཞིན་ཡོད།

 

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

One thought on “གཞོན་སྐྱེས་ཚོས་བོད་མིའི་སྒྲིག་འཛུགས་ལ་སློབ་སྦྱོང་གནང་རོགས།

  1. ཡག་པོ་གསུངས་སོང་། སྤྱིར་མི་མང་ལ་བསམ་བློའི་གོ་རྟོགས་མེད་པའི་བོད་མི་འིད་འདྲ་ཆགས་པ་རེད། མ་འོང་བར་ཕ་མོ་ཚོར་བསམ་བློའི་གོ་རྟོགས་ཡག་པོ་ཞིག་སྤྲོད་མ་ཐུབ་ན་མ་འོང་བར་གཞོན་སྐྱེས་ཡག་པོ་ཞིག་འཚར་ལོང་བྱིུ་ཐུབ་ཀྱི་མ་རེད། ཕྲུ་གུ་ཡག་པོ་ཡོང་མིན་ཕ་མར་འབྲེལ་བ་ཆེན་ཡོད་སྟབས་ཕ་མའི་སློབ་གསོ་སྐོར་ལ་ཐུགས་བསམ་བཞེས་རྡྱུ་གལ་ཆེན་མཐོན་གི་འདུག