བཀའ་སྤྱི་གཉིས་ཀྱིས་བཙན་བྱོལ་བོད་མིའི་དཀའ་སྡུག་མང་པོ་ཞིག་མཁྱེན་གྱི་མི་འདུག

བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར། ཆོལ་ཁ་གསུམ་ནང་སྤྱི་འཐུས་འོས་མིར་བཞེངས་མཁན་མང་པོ་ཡོང་བཞིན་ཡོད་སྟབས། འདི་གའི་གསར་ཁང་གིས་སྤྱི་འཐུས་ལས་ཐོག་མ་ཡིན་པའི་ཆོལ་ཁ་རེ་རེའི་འོས་མི་གསར་པ་དག་ལ་བཅར་འདྲིའི་ལས་རིམ་ཞིག་འགྲོ་བཞིན་ཡོད་པ་ལྟར། ཐེངས་འདིར་མདོ་སྨད་དབུས་རྒྱུན་ཚོགས་གཙོ་གྲྭ་གངས་རི་ལགས་སུ་བཅའ་འདྲི་ཞུས།

 

དྲི་བ། དགོས་དམིགས་གང་གི་ཐོག་ནས་ཁྱེད་རང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ལ་ལངས་པ་ཡིན།

 

7ce0d4e0-1b2f-4e09-bb10-185be745c80fལན། ང་རང་སྒེར་ངོས་ནས་བཤད་ན་དགོན་པ་གྲྭ་ཚང་ཞིག་གི་སྒྲིག་འཛུགས་འོག་ཡོད་སྟབས། ངས་སློབ་སྦྱོང་བྱས་ནས་བསྡད་པ་ཡིན་ན་དཀའ་ངལ་གང་ཡང་ཡོད་པ་མ་རེད། ཡིན་ནའང་ད་ལྟའི་བོད་མིའི་ཛ་དྲག་གནས་བབ་འདི་མཐོང་ཡོང་དུས། ང་གྲྭ་བ་ཡིན་དང་ང་སློབ་མ་ཡིན་ཟེར་ནས་བསྡད་པ་ཡིན་ན་དེ་འགྲིག་གི་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་བོད་མི་རེ་རེར་བྱུང་རབས་ལོ་རྒྱུས་ཀྱིས་སྤྲད་པའི་འོས་འགན་གཡོལ་དུ་མེད་པ་རེ་ཡོད་པ་རེད། རྒྱུ་མཚན་དེ་འདྲ་ཞིག་གི་འོག་ནས་ང་སྤྱི་འཐུས་ལ་ལངས་པ་ཡིན།

 

དྲི་བ། དེང་སྐབས་གཞིས་བྱེས་བོད་མིའི་སྤྱི་ཚོགས་ཁྲོད། སེར་མོ་བའི་འོས་འགན་གཙོ་བོ་ག་རེ་ཡིན་པར་བསམ་གྱི་ཡོད།

 

ལན། ངས་བསམ་ན་སེར་སྐྱ་གང་ཡིན་རུང་། ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་བབ་འདིའི་འོག ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་འདི་ཤི་དང་གསོན་གྱི་མཚམས་སུ་ལྷུང་ཡོད་སྟབས། དེ་ལ་ཚང་མས་གང་ནུས་ཅི་ཡོང་གིས་འགན་ཞིག་འཁུར་དགོས་པ་རེད་མ་གཏོགས། སྐྱ་བོས་འགན་འཁུར་དགོས་པ་དང་སེར་མོ་བས་འགན་འཁུར་མི་དགོས་པའི་གནས་སྟངས་ཤིག་ཆགས་མི་འདུག་བསམ་གྱི་ཡོད། འོན་ཀྱང་། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་གྲྭ་བ་ཡིན་ན་བཀའ་སྤྱིའི་འོས་མིར་ལང་མི་འོས་པའི་གླེང་སློང་མང་པོ་ཞིག་ཡོང་གི་འདུག ངས་དེར་རྒྱུ་མཚན་གསུམ་མཐོང་གི་ཡོད། གཅིག་དེང་རབས་ཀྱི་གྲྭ་བཙུན་མང་པོ་ཞིག་གི་བྱ་སྤྱོད་དང་། ལྷག་པར་དུ་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཚོའི་བཤད་སྤྱོད། གཉིས་པ་རྩ་བའི་ཆོས་ལུགས་ལ་དགའ་མིན། གསུམ་པ་གྲྭ་བ་མང་པོ་ཞིག་སྤྱི་ཚོགས་ནང་ལངས་ཡོང་ན་གོ་སྐབས་མང་པོ་ཞིག་ཤོར་འགྲོ་བའི་རེ་དོགས་སོགས་ལ་བརྟེན་ནས་ཡོང་གི་འདུག་བསམ་གྱི་ཡོད།

 

དྲི་བ། རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་ལ་འཕོ་འགྱུར་འགྲོ་བཞིན་པའི་སྐབས་འདིར། བཀའ་སྤྱི་གཉིས་ཀྱི་འོས་མི་ཚོར་ཆ་རྐྱེན་གཙོ་བོ་གང་དག་ཚང་དགོས་པར་ངོས་འཛིན་གནང་གི་ཡོད།

 

ལན། བོད་ཀྱི་སྤྱི་ཚོགས་འདི་ཛ་དྲག་གི་གནས་བབ་ཅིག་གི་འོག་ཏུ་ཡོད་སྟབས། མ་འོངས་པའི་བཀའ་སྤྱི་གཉིས་ཀྱི་འོས་མི་ཞིག་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་དེ་བོད་མིའི་སྒྲིག་འཛུགས་འདི་ཁ་ཡོད་ལག་ཡོད་ཀྱིས་སྲ་ཐག་ཐག་ཅིག་འཛིན་ཐུབ་པ་དང་། ཆོལ་ཁ་ཆོས་ལུགས་སོགས་ཀྱི་མཚོན་པའི་ཕྱོགས་རིས་འཐེན་འཁྱེར་ཉི་ཚེ་བ་དག་གི་དབང་དུ་མ་སོང་བར། དཀའ་རྙོག་ཅི་འདྲ་ཞིག་ལ་འཕྲད་ཀྱང་། རང་ཉིད་དབུས་སུ་བསྡད་ནས་སྐད་ཆ་ཤོད་ཐུབ་མཁན་ཞིག་ངེས་པར་དུ་དགོས་ཀྱི་འདུག སྲིད་སྐྱོང་ལྟ་བུར་མཚོན་ནའང་བོད་རྒྱ་འབྲེལ་མོལ་གྱི་མཚོན་པའི་ཕྱོགས་གཅིག་ཁོ་ནར་མགོ་མི་འཐོམ་པར། བཙན་བྱོལ་བོད་མིའི་དཀའ་སྡུག་དངོས་ལ་ལྟ་ཐུབ་མཁན་ཞིག་དགོས་པ་རེད་མ་གཏོགས། ངས་ད་ལྟའི་བཀའ་སྤྱི་ལ་འཁང་ར་བཤད་པ་མིན་ཏེ། ད་ལྟའི་བཙན་བྱོལ་བོད་མི་མང་པོ་ཞིག་ཕྱིར་བོད་ཡུལ་དུ་ལོག་འགྲོ་བ་དང་། ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་བཞིན་པའི་གནས་སྟངས་ལ་བལྟས་ཡོང་ན། ད་ལྟའི་བཀའ་སྤྱི་གཉིས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་དངོས་ཡོད་དཀའ་སྡུག་གནས་སྟངས་མང་པོ་ཞིག་མཁྱེན་གྱི་མེད་པ་དངོས་འབྲེལ་རེད།

 

དྲི་བ། ཁྱེད་རང་ལ་མཚོན་ན། སྤྱི་ཚོགས་ཞབས་ཞུའི་ལས་ཀའི་ཁྲོད་ནས་དཀའ་ངལ་ཆེ་ཤོས་ག་རེ་མཐོང་གི་ཡོད།

 

ལན། སྤྱིར་བཏང་སྤྱི་ཚོགས་ཤིག་གི་ནང་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་རྒྱུ་དེ་ལས་སླ་བོ་མ་རེད། མི་མང་པོ་ཞིག་གིས་ཕ་རོལ་བོའི་ལས་ཀའི་གནད་ཀ་དང་། དེས་སྤྱི་ཚོགས་ལ་ནུས་པ་ག་རེ་འཐོན་གྱི་ཡོད་མེད་སོགས་ལ་མི་ལྟ་བར། གཡམ་རྒྱུགས་དང་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཡོད་པ་དག་གིས་མི་དེའི་ལྟ་བ་ལངས་ཕྱོགས་ལ་ལོག་འགྲེལ་བརྒྱབ་ནས་སྤྱི་ཚོགས་ནང་ཡར་ལང་ཐབས་མེད་པ་བཟོ་བཞིན་འདུག དཔེར་ན། ང་ད་ལྟ་མདོ་སྨད་སྤྱི་འཐུས་ལ་ལངས་པའི་བརྒྱུད་རིམ་ཁྲོད། ངས་རང་བཙན་ལྟ་བ་འཛིན་གྱི་ཡོད་པ་རེད་ཟེར་ནས་བརྡབ་གསིག་གཏོང་གི་འདུག སྤྱིར་བོད་པ་ཞིག་ཡིན་པའི་ཆ་ནས་རང་བཙན་མི་འདོད་མཁན་དང་རང་བཙན་ལ་མི་དགའ་མཁན་ཞིག་ཧ་ལམ་ཡོད་པ་མ་རེད། རྒྱལ་ཁབ་ཤོར་བའི་མི་མང་ཞིག་གིས་ཁོ་ལ་རང་བཙན་གྱི་ལྟ་བ་འདུག་ཟེར་ནས་ཁ་རྡུང་གཏོང་ཡོང་གི་ཡོད་པ་དེར་ང་རང་ཧང་སང་གི་འདུག རྒྱུ་མཚན་ངས་ད་ལྟའི་བར་རྒྱལ་བའི་བཀའ་དགོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་འགལ་བའི་ལས་ཀ་གང་ཡང་བྱས་མྱོང་མེད་ལ་མ་འོངས་པར་ཡང་བྱ་སྲིད་ཀྱི་མ་རེད། སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ནང་འབུར་འཇོམས་ལས་ཡར་འཐེན་མེད་པའི་གོམས་གཤིས་ངན་པ་འདི་རིགས་མ་དོར་བ་ཡིན་ན། འབྱུང་འགྱུར་ང་ཚོའི་སྤྱི་ཚོགས་འདིའི་ནང་འཇོན་ནུས་ལྡན་པའི་མི་ཞིག་ཡོང་རྒྱུ་ཁག་པོ་རེད།

 

དྲི་བ། བཙན་བྱོལ་ནང་བོད་མི་ཇེ་ཉུང་དུ་འགྲོ་བཞིན་པའི་གནད་གཙོ་བོ་དེ་འཚོ་གནས་ཀྱི་གནད་དོན་ཁོ་ན་ཞིག་རེད་དམ།

 

ལན། ངས་བལྟས་ན་ཏན་ཏན་གནད་འགག་དེ་ལ་ཐུག་ཡོད་པ་རེད་བསམ་གྱི་འདུག ང་སྐབས་བཅུ་དྲུག་གི་མདོ་སྨད་དབུས་རྒྱུན་ནང་ལས་ཀ་ལས་ཡུན་རིང་། བོད་སློབ་ཁག་གི་སློབ་ཕྲུག་སྤྱི་ཚོགས་ནང་གི་ཉམ་ཐག་མང་པོ་ཞིག་རོགས་སྐྱོར་ཞུ་རུ་ཡོང་གི་འདུག དེ་དག་མང་ཆེ་བའི་དཀའ་ངལ་གཙོ་བོ་འཚོ་གནས་རེད། ཡིན་ནའང་མདོ་སྨད་དབུས་རྒྱུན་གྱིས་ དཀའ་ངལ་ཆ་ཚང་སེལ་ཐབས་མེད་སྟབས། ཁོ་ཚོས་རང་བཞིན་གྱིས་བསམ་བློ་གཞན་ཞིག་མི་གཏོང་རང་གཏོང་རེད། དེ་བཞིན། བོད་ནས་ཡོང་མཁན་དྷ་རམ་ས་ལ་གཡས་གཡོན་དུ་བསྡད་ཡོད་པ་ཞིག་ལ་མཚོན་ན། ལས་ཀ་ཡོད་ན་གླ་ཆ་ཧིན་སྒོར་ ༧༠༠༠ ནས་ ༡༠༠༠༠ ཡས་མས་རེད། དྷ་རམ་ས་ལའི་ཁང་གླར་ཧིན་སྒོར་ ༤༠༠༠ ནས་ ༥༠༠༠ ཙམ་རེད། དེའི་ལྷག་འཕྲོས་ཀྱིས་ཟླ་གཅིག་གི་འཚོ་བར་འདང་གི་ཡོད་པ་མ་རེད། འཚོ་གནས་ཀྱི་དཀའ་ངལ་དེ་འདྲ་ཞིག་གི་འོག་ནས་ཁག་ཅིག་ཕྱིར་བོད་དུ་ལོག་འགྲོ་བ་དང་། ཁག་ཅིག་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་ཐབས་བྱེད་ཀྱིན་ཡོད་པ་རེད།

 

དྲི་བ། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་དང་བསྡུར་ན་བོད་མི་ཚོར་ཆབ་སྲིད་ཀྱི་གོ་རྟོགས་ཞན་པའི་རྒྱུ་རྐྱེན་གཙོ་བོ་ག་རེ་ཡིན་པར་མཐོང་གི་འདུག

 

ལན། ངས་བལྟས་ན། གཙོ་བོ་གནད་དོན་གསུམ་ལ་ཐུག་འདུག གཅིག་སྤྱི་ཚོགས་ཀྱི་གོ་རྟོགས་ཞན་པ་དང་། གཉིས་ཁོར་ཡུག་གི་བཀག་རྒྱ། གསུམ་པ་ཆོས་ལུགས་རིག་གནས་ཀྱི་ཤན་སྟོབས་འོག་ནས་མི་མང་ནང་ཆབ་སྲིད་གོ་རྟོགས་སད་ཐུབ་ཀྱི་ཡོད་པ་མ་རེད། ནུབ་གླིང་ལྟ་བུར་མཚོན་ན། ཁོ་ཚོའི་སྤྱི་ཚོགས་སྔོན་ཐོན་ཡིན་སྟབས་སྤྱི་ཚོགས་དེའི་ནང་སྡོད་པའི་མི་མང་གི་བསམ་བློ་ཡང་སྔོན་ཐོན་རེད། དེ་ལྟ་བུའི་སྤྱི་ཚོགས་ནང་དུ་ཤེས་ལྡན་མི་སྣའང་མང་པོ་སྐྱེད་སྲིང་བྱེད་ཐུབ་ཀྱི་ཡོད་སྟབས། ཤེས་ལྡན་མི་སྣ་དེ་ཚོས་སྤྱི་ཚོགས་ལེགས་ལམ་དུ་སྣེ་འཁྲིད་ཐུབ་ཀྱི་ཡོད་པ་རེད། ང་ཚོར་ཁོར་ཡུག་དེ་ཡོད་པ་མ་རེད། ཁ་སང་དེ་རིང་བཀའ་སྤྱིའི་འོས་བསྡུ་ལྟ་བུར་མཚོན་ནའང་གང་ཟག་ལ་བལྟས་ཏེ། དེ་ངའི་ཉེ་རིང་རེད། དེ་ངའི་ཆོལ་ཁ་རེད་ཟེར་བ་ལྟ་བུའི་ཐོག་ནས་འོས་ཡོང་གི་ཡོད་པ་མ་གཏོགས་སྤྱི་བར་བསམ་བློ་བཏང་ནས་འོས་ལྡུག་ཐུབ་ཀྱི་ཡོད་པ་མ་རེད། དེ་ནས་ཤེས་ཡོན་པའི་སྡེ་ལ་ཐེ་མཐོང་མེད་པར་ཆབ་སྲིད་པ་ཡིན་མིན་ཉ་ཉོག་མང་པོ་ཞིག་གི་མགོ་འཕང་མཐོ་རུ་འགྲོ་བའི་དུས་སྐབས་ཤིག་ལ་བསླེབས་ཡོད་སྟབས། དེ་ལ་ང་ཚོ་ཚང་མས་གཟབ་གཟབ་གནང་དགོས་པ་ཞིག་ཏུ་མཐོང་གི་འདུག

 

དྲི་བ། ད་ལྟའི་མདོ་སྨད་དབུས་རྒྱུན་ལ་ཁ་ཚ་དགོས་གཏུག་གི་ལས་འཆར་གསར་བ་ག་རེ་ཡོད།

 

ལན། སྤྱིར་བཏང་ཚོགས་པ་སྐྱིད་སྡུག་ཁག་སུ་འདྲ་ཞིག་ཡིན་ཡང་དབུས་རྒྱུན་གྱི་མིང་ཙམ་འཁུར་ནས་ལས་ཀ་གང་ཡང་མ་བྱས་ན་དེ་འགྲིག་གི་ཡོད་པ་མ་རེད། མདོ་སྨད་དབུས་རྒྱུན་ལ་ལས་འཆར་མང་པོ་ཞིག་ཡོད། དཔེར་ན། རྒྱལ་ས་ལྡི་ལི་དང་བཞུགས་སྒར་དྷ་རམ་ས་ལར་ཁང་པ་དང་ས་ཆ་ཉོ་བ་སོགས་ཀྱི་ལས་གཞི་ཁག་ཅིག་ཡོད། མ་ཟད་ད་ལྟའི་བར་དུ་བོད་སློབ་ཁག་གི་སློབ་ཕྲུག་དབུལ་བོ་ཚོའི་སློབ་ཡོན་ཐད་ལ་རོགས་རམ་གནང་གི་ཡོད་པ་དེ་ཡར་རྒྱས་སུ་གཏོང་རྒྱུ་དང་། བོད་ཕྱི་ནང་གཉིས་སུ་བོད་པའི་བདེན་དོན་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་རང་གི་གཅེས་པའི་ལུས་སྲོག་ཀྱང་བློས་གཏོང་གནང་གི་ཡོད་པའི་གནས་སྟངས་ཐོག་རྒྱལ་སྤྱི་རང་བཞིན་གྱི་བགྲོ་གླེང་ཞིག་བསྡུ་དགོས་བསམ་ཡོད། དེ་བཞིན། བོད་ཀྱི་སྐད་དང་རིག་གཞུང་ཉམས་པ་སླར་གསོའི་ཆེད་དུ་བརྩམས་ཆོས་གྲགས་ཅན་བོད་སྒྱུར་དང་དཔར་འགྲེམ་བྱ་རྒྱུ་སོགས་ལས་འཆར་མང་པོ་ཞིག་སྒྲིག་ཡོད་ཀྱང་། ལས་གཞི་དེ་དག་ལེགས་འགྲུབ་ཡོང་མིན་གཙོ་བོ་དབུས་རྒྱུན་རྣམ་པ་དང་དཔལ་འབྱོར་ལ་རག་ལས་ཡོད་པ་རེད།

 

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༦/༠༢/༡༤

Leave a Reply

2 thoughts on “བཀའ་སྤྱི་གཉིས་ཀྱིས་བཙན་བྱོལ་བོད་མིའི་དཀའ་སྡུག་མང་པོ་ཞིག་མཁྱེན་གྱི་མི་འདུག

  1. བསྟན་འཛིན།

    རྔ་བ་གངས་རི་ལགས་ཀྱི་ཆབ་སྲིད་ལྟ་བ་ལངས་ཕྱོགས་རང་བཙན་ཡིན་པ་དང་། ཨ་ཚོགས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་གནང་མཁན་གཙོ་བོ་ཞིག་ཡིན་པ་ང་ཚོ་ད་བར་གྲྭ་ས་ནས་མཉམ་གཤིབ་བྱས་ནས་བསྡད་པ་རེད། གསལ་བོ་གསལ་རྐྱང་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་དེ་དམངས་གཙོ་རེད་མ་འགྲིག་པ་རེད་ཞུ་ཐུབ་ཀྱི་མེད། འོན་ཀྱང་མདོ་སྨད་སྤྱི་འཐུས་ནང་བཞེངས་རྒྱུ་ཅུང་སྔ་དྲགས་པ་རེད་བསམ་གྱིན་འདུག མདོ་སྨད་ཚོགས་གཙོའི་དུས་ཚོད་འཁྱོལ་ཚར་བ་ཡིན་ན་སྐབས་བཅུ་བདུན་པའི་སྤྱི་འཐུས་འོས་འདེམས་སླེབས་ཀྱིན་ཡོད་པ་རེད་སྐབས་དེ་ལ་སོ་སོར་ཉམས་མྱོང་དང་འཇོན་ཐང་། བྱས་རྗེས་སོགས་མང་པོ་ཞིག་སྟོན་རྒྱུ་ཡོད་པ་རེད་བསམ་གྱི་འདུག

  2. རྒན་ལགས་ཀྱིས་རང་ཉིད་ཀྱི་ལངས་ཕྱོགས་རང་བཙན་གཙང་མ་ཡིན་པ་ཁ་གསལ་བོར་གསུངས་པ་དེ་ལ་སྔགས་བརྗོད་དང་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། ཁ་སང་དེ་རིང་ཆབ་སྲིད་འཁྲུག་ཆ་ཆེ་བའི་སྐབས་འདིར་མི་ཁ་ཤས་ཀྱིས་ཁེ་ཕན་གྱི་དབུ་མ་ཡིན་མདོག་མདོག་དང་། མཚམས་རེར་ཡར་ཡིན་མདོག་མདོག་མར་ཡིན་མདོག་མདོག་ལངས་ཕྱོགས་བརྟན་པོ་འཛིན་ཐུབ་ཀྱི་ཡོད་པ་མ་རེད།