བཙན་བྱོལ་ནང་ལྷོད་ལྷོད་ངང་སློབ་སྦྱོང་བྱེད་ཀྱི་ཡོད་པའི་ཚོར་སྣང་འདུག

བཙན་བྱོལ་ནང་གི་བུད་མེད་རྩོམ་པ་པོ་བསམ་གླིང་ཚེ་རིང་ལྷ་མོ་ལགས་སུ་ཁོང་མོས་མ་སུ་རི་གཏན་སློབ་ཏུ་བོད་དགེ་གནང་ནས་ལོ་ངོ་ ༢༠ འགྲོ་བཞིན་ཡོད་པ་དང་། ལས་ཞོར་དུ་<<ཀྱག་ཀྱོག་ཆེ་བའི་བཞུད་ལམ་>>དང་<<སྨུག་སྤྲིན་གྱིས་དྲངས་པའི་རྣམ་ཤེས།>>། དེ་བཞིན་ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་བྱིས་སྒྲུང་མང་པོ་གསར་རྩོམ་དང་སྒྱུར་སྒྲིག་གནང་ཡོད་པ་ལྟར། ད་ལྟའི་བར་ཁྱོན་དེབ་གྲངས་ ༣༣ པར་སྐྲུན་གནང་ཡོད་སྟབས། འདི་གའི་གསར་འགོད་པས་བྱིས་པའི་སློབ་གསོ་དང་འབྲེལ་ནས་ཁོང་མོར་བཅར་འདྲི་ཞུས་ཡོད།

 

12659808_1218275801521269_656934316_n

( མ་སུ་རིའི་བོད་དགེ་བསམ་གླིང་ཚེ་རིང་ལྷ་མོ་ལགས། )

དྲི་བ། ཐོག་མར་ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

 

ལན། ངའི་མིང་ལ་བསམ་གླིང་ཚེ་རིང་ལྷ་མོ་ཟེར་བ་དང་སྐྱེས་ཡུལ་བོད་ལྗོངས་སྟག་རྩེ་རྫོང་རེད། ༡༩༩༡ ནས་ ༡༩༩༤ ལོའི་བར་སྦིར་སུ་ཇ་སློབ་གྲྭ་དང་། དེ་རྗེས་དྷ་ས་རིག་ལམ་སློབ་གཉེར་ཁང་ནས་དགེ་རྒན་འོས་སྦྱོང་དང་རིག་གནས་རབ་འབྱམས་པ་ཐོན་པ་རེད། ༡༩༩༦ ལོ་ནས་མ་སུ་རི་གཏན་སློབ་ཏུ་དགེ་རྒན་བྱེད་ཞོར་དུ་མཐོ་རིམ་རིག་གནས་རབ་འབྱམས་པ་ཡིག་འགྲུལ་ལམ་ནས་ཐོན་པ་ཡིན། ཞོར་དུ་རྩོམ་རིག་གི་ལས་ཀའང་བྱེད་བཞིན་ཡོད།

 

དྲི་བ། ཁྱེད་ཀྱིས་བརྩམས་པ་དང་བསྒྱུར་བའི་བྱིས་སྒྲུང་རྣམས་ཀྱི་བརྗོད་དོན་གཙོ་བོ་ག་རེ་ཡིན་པ་དང་། བྱིས་སྒྲུང་ཡག་པོ་ཞིག་རྩོམ་པར་རྩ་བའི་ཆ་རྐྱེན་གང་དག་ཚང་དགོས་ཀྱི་འདུག

 

ལན། ངས་བརྩམས་པའི་བྱིས་སྒྲུང་གི་བརྗོད་དོན་གཙོ་བོ་དང་། ཡང་ན་ཁ་ཕྱོགས་ཟེར་ན་རེད། གང་ལྟར་ཕྲུ་གུ་ཚོའི་དགའ་ཕྱོགས་ལ་གཞི་བཞགས་ནས། སྲོག་ཆགས་ཆུང་ཆུང་དེ་འདྲའི་རིགས་ཀྱི་སྒྲུང་དང་དེའི་ཐོག་བཟང་སྤྱོད་ཀྱི་སློབ་གསོ་དང་ཤེས་ཡོན་གྱི་ཁ་ཕྱོགས་སྟོན་ཐབས་བྱེད་ཀྱིན་ཡོད། གཉིས་པ་དེ་བྱིས་སྒྲུང་ཞིག་བརྩམས་དགོས་ཀྱང་ཐོག་མར་སུམ་རྟགས་དག་གསུམ་ཡག་པོ་སློབ་སྦྱོང་བྱེད་དགོས་པའི་ཐོག བྱིས་པ་ཚོ་དང་འདྲིས་གཤིབ་དང་། ཁོང་ཚོའི་སེམས་ཁམས་ལ་དོ་སྣང་ཡག་པོ་བྱེད་དགོས་པ་རེད། དེའི་ཐོག་བྱིས་སྒྲུང་རྩོམ་པའི་སྤྲོ་སྣང་ལྡན་དགོས་པ་དེ་ཚོ་རེད་བསམ་གྱི་འདུག

 

དྲི་བ། ཁྱེད་རང་བོད་ནང་འཚར་ལོངས་བྱུང་ཞིང་བཙན་བྱོལ་ནང་སློབ་གསོའི་བྱ་བ་གཉེར་མཁན་ཞིག་ཡིན་པའི་ཆ་ནས་བོད་ཕྱི་ནང་གཉིས་ཀྱི་བྱིས་པའི་སློབ་གསོར་ཁྱད་པར་གཙོ་བོ་ག་རེ་འདུག

 

ལན། ང་ཚོ་བོད་ནང་འཚར་ལོངས་བྱུང་བའི་སྐབས་དང་དེང་སང་བོད་ནང་གི་སློབ་གསོའི་ཁོར་ཡུག་འདྲ་གི་མི་འདུག  ང་ཚོ་བོད་ནང་སྡོད་སྐབས་ཕ་མ་དང་སྤྱི་ཚོགས་ཡོངས་ནས་ཕྲུ་གུའི་སློབ་སྦྱོང་ལ་དེ་ཙམ་དོ་སྣང་ཡོད་པ་མ་རེད། དེང་སང་བོད་ནང་སློབ་སྦྱོང་ལ་མཐོང་ཆེན་དང་ལྷག་པར་དུ་རྒྱུགས་སྤྲོད་ཀྱི་ཚད་གཞི་དེ་ཧ་ཅང་གི་ཛ་དྲགས་རང་བཞིན་གྱི་འགྲན་སྡུར་ཞིག་ལ་འགྲོ་བཞིན་འདུག ང་ཚོ་བཙན་བྱོལ་ནང་དེ་ཙམ་གྱི་རྒྱུགས་སྤྲོད་རང་བཞིན་གྱི་འགྲན་སྡུར་དེ་ཙམ་མེད་པའི་ཚོར་སྣང་འདུག  དེ་ཕྱོགས་གཅིག་རེད། ཕྱོགས་གཞན་དེ་ང་ཚོ་བོད་ནང་གནས་སྟངས་མང་པོ་ཞིག་འགྲེལ་བཤད་བྱེད་མི་དགོས་པར། བོད་ཀྱི་གནས་སྟངས་རང་གི་ཐོག་ནས་མང་པོ་ཞིག་རང་བཞིན་གྱིས་ཤེས་འགྲོ་ཡི་ཡོད་པ་རེད།  བོད་དང་ས་ཐག་རྒྱང་བའི་སྐབས་བོད་འདི་དང་འདི་རེད་ཅེས་འགྲེལ་བཤད་མང་པོ་བྱེད་དགོས་ཀྱི་ཡོད་པ་རེད།

 

དྲི་བ། བཙན་བྱོལ་ནང་གི་བོད་ཡིག་དགེ་རྒན་ཞིག་ལ་མཚོན་ན་དཀའ་ངལ་ཆེ་ཤོས་ག་རེ་ཡིན་པ་དང་དཀའ་ངལ་དེ་ཇི་ལྟར་སེལ་དགོས་པར་མཐོང་གི་ཡོད།

 

ལན།  ང་རང་གཞི་རིམ་འོག་མའི་གཏན་སློབ་ཀྱི་དགེ་རྒན་ཡིན་དུས་དབྱིན་ཡིག་སློབ་ཚན་ཕུད་པའི་སློབ་ཚན་ཚང་མ་བོད་ཡིག་ཡིན་སྟབས། དཀའ་ངལ་དམིགས་བསལ་གང་ཡང་འཕྲད་མ་སོང་། ཕྲུ་གུ་ཚོས་བོད་ཡིག་སློབ་ཚན་ལ་དགའ་སྣང་ཆེན་པོ་བྱེད་ཀྱི་འདུག འཛིན་གྲྭ་སྒང་མ་དེ་ཚོར་བོད་ཡིག་སློབ་ཚན་ཕུད་པའི་ཚང་མ་དབྱིན་ཡིག་ཐོག་ནས་སློབ་ཁྲིད་བྱེད་དགོས་ཀྱི་ཡོད་སྟབས། ཕྲུ་གུ་ཚོར་དབྱིངས་བསླེབ་པ་ཞིག་བཟོ་མ་ཐུབ་ན། སློབ་ཚན་གཞན་སྦྱོང་རྒྱུར་འབད་བརྩོན་བྱེད་པ་ལས་བོད་ཡིག་སློབ་ཚན་དེ་ཡིག་ཚད་འཁྱོལ་ཙམ་ལས་བསམ་བློ་གཏོང་གི་མ་རེད། ང་ཚོའི་སློབ་གྲྭར་དཀའ་ངལ་ཆེ་ཤོས་གཅིག་ཡོད། དེ་ནི་འཛིན་གྲྭ་དང་པོར་གསར་པ་སླེབ་ཡོང་དུས་བོད་ཡིག་འབྲི་ཀློག་ཕར་ཞོག བོད་སྐད་ཀྱང་ཤེས་ཀྱི་མ་རེད། སློབ་གྲྭ་གཞན་ཚོར་དཀའ་ངལ་དེ་ཡོད་པ་མ་རེད་བསམ་གྱི་འདུག

 

?

?

དྲི་བ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་སློབ་མར་གཅར་རྡུང་བྱེད་མི་ཆོག་པའི་སྒྲིག་གཞི་བཟོས་པ་དེ་བོད་མིའི་གཤིས་སྤྱོད་དང་མཐུན་གྱི་མི་འདུག་ཟེར་མཁན་མང་པོ་འདུག ཁྱེད་དེ་ལ་དགོངས་ཚུལ་ག་རེ་ཡོད།

 

ལན། ད་དེ་སློབ་གྲྭ་སོ་སོའི་གནས་སྟངས་རྦད་དེ་ཁ་ཁ་རེད། ང་ནི་ད་བར་དེ་འདྲའི་དཀའ་ངལ་འཕྲད་མྱོང་མེད། འོན་ཀྱང་དཀའ་ངལ་འཕྲད་མཁན་གྱི་སློབ་གྲྭ་དེ་ཚོའི་དགེ་རྒན་དང་བཀའ་མོལ་ཞུ་མྱོང་ཡོད། ངས་བལྟས་ན་ཕལ་ཆེར་མཐའ་གཉིས་ལ་ལྷུང་པ་དེ་འདྲ་མིན་འགྲོ་བསམ་གྱི་འདུག ཐོག་མར་སྒྲིག་གཞི་གང་ཡང་མེད་པའི་སྐབས་དགེ་རྒན་དང་། ལས་བྱེད་ཁ་ཤས། ད་དུང་རྒན་བདག་རེ་འགས་ཕྲུ་གུ་ཁ་ཤས་ཀྱིས་སྤྱོད་ངན་བྱེད་སྐབས་ཚད་ལས་བརྒལ་བའི་སྒྲིག་གཞི་དེ་འདྲ་བཟོས་ཏེ། རྗེས་སུ་ལག་བསྟར་བྱེད་སྐབས་འགྲིག་དང་མ་འགྲིག་ཡོང་གི་ཡོད་པ་རེད་བསམ་གྱི་འདུག

 

དྲི་བ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སློབ་གྲྭ་ག་གེ་མོའི་སྐད་ཟེར་ནས་ཚིག་གི་འགྲོས་ལོགས་ཀ་ཞིག་འདུག་ལ། སྦྲགས་སྐད་ཀྱང་ཧ་ཅང་ཤུགས་ཆེན་པོ་རེད། དེ་ལ་དགེ་རྒན་རྣམ་པ་དང་ཕ་མ་རྣམས་ཀྱིས་སྣེ་ཁྲིད་དེ་ལེགས་བཅོས་ཀྱི་ལམ་ཀ་ཇི་ལྟར་འཚོལ་དགོས་ཀྱི་འདུག

 

ལན། ངས་ཀྱང་དེ་འདྲ་གོ་བྱུང་། དེའི་ཐབས་ལམ་ཡག་ཤོས་དེ་དེང་སང་བརྙན་འཕྲིན་ལྟད་མོ་ཤུགས་རྐྱེན་ཆེ་ཤོས་ཆགས་ཀྱི་འདུག དཔེར་ན། ཕ་མ་རྒྱ་གར་གྱི་སྐད་མ་ཤེས་པའི་ཕྲུ་གུ་དེ་ཚོས་ཀྱང་བརྙན་འཕྲིན་ནས་བྱིས་པའི་གློག་བརྙན་ལ་བལྟས་ནས་རྒྱ་གར་གྱི་སྐད་ཡག་པོ་ཤེས་ཀྱི་འདུག དེར་བརྟེན། དེ་ག་རང་ནས་ང་ཚོར་འགྲེལ་བཤད་ཡག་པོ་ཞིག་བརྒྱབ་འདུག་བསམ་གྱི་འདུག སྦྲགས་སྐད་དེ་ཡང་གོང་དུ་ཞུས་པ་ལྟར། བྱིས་པ་ཚོར་བལྟ་ཉན་བྱེད་པའི་བྱིས་པའི་གློག་བརྙན་བོད་སྐད་གཙང་མ་ཡོད་པ་དེ་འདྲ་བྱུང་ན་ཕན་ཐོགས་ཏན་ཏན་ཡོང་གི་རེད། དེའི་ཐོག་གཙོ་ཆེ་ཤོས་ཕ་མ་དང་དགེ་རྒན་གྱིས་སྦྲགས་སྐད་མ་བརྒྱབ་ན། ཕྲུ་གུ་ཚོས་རྒྱག་གི་མ་རེད། དེ་བཞིན། སྤྱི་ཚོགས་སྡིངས་ཆའི་སྒང་ནས་གསུང་བཤད་གནང་མཁན་ཚོས་གཟབ་གཟབ་ངེས་པར་གནང་དགོས་ཀྱི་འདུག

 

དྲི་བ། རྒྱ་བལ་འབྲུག་གསུམ་ནང་གི་ཕ་མ་མང་པོ་ཞིག་གིས་རང་གི་བྱིས་པ་ཕྱི་རྒྱལ་དུ་གཏོང་ཐབས་བྱས་ཏེ། བྱིས་པ་ཚོའི་བསམ་བློ་སློབ་གྲྭའི་ནང་གནས་མ་ཐུབ་པར། སློབ་སྦྱོང་འཐུས་ཤོར་འགྲོ་ཡི་པའི་སྣང་ཚུལ་ཞིག་འདུག དེའི་ཐད་སློབ་མའི་ཁྱིམ་བདག་ཚོར་ལམ་སྟོན་ག་རེ་གནང་རྒྱུ་ཡོད།

 

ལན། ངས་དེ་ལྟར་མཐོང་གི་མི་འདུག ཕྲུ་གུ་ཚོས་སློབ་སྦྱོང་ཡག་པོ་སྦྱངས་ན་ཕྱི་རྒྱལ་གྱི་སློབ་གྲྭ་སྐད་གྲགས་ཆེན་པོ་དེ་ཚོར་སློབ་སྦྱོང་བྱེད་རྒྱུའི་མདུན་ལམ་ཡོད་ཡོད་པ་ཡིན་སྟབས། སློབ་སྦྱོང་ལ་འཐུས་ཤོར་འགྲོ་གི་མ་རེད་བསམ་གྱི་འདུག ངས་གཙོ་བོ་གཅིག་ག་རེ་མཐོང་གི་འདུག་ཞུས་ན། ཕྲུ་གུ་ཁ་ཤས་སློབ་གྲྭ་གཅིག་ནས་སྦྱང་འབྲས་ཞན་པ་དང་། སློབ་གྲྭ་དེར་འདུག་འདོད་མེད་པ་ཡིན་ན། ཕ་མ་ཚོས་ཕྲུ་གུ་དེ་སློབ་གྲྭ་དེ་རང་ལ་སྡོད་རྐྱང་མ་བྱས་པར་སློབ་གྲྭ་གཞན་ལ་བརྗེ་སྤོ་བྱས་ན་ཕན་ཐོགས་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག

 

དྲི་བ། བོད་ཕྱི་ནང་གཉིས་སུ་རྩོམ་པ་པོ་ཡིན་ཟེར་མཁན་མང་པོ་ཡོད་པས་རྩོམ་པ་པོ་ཞིག་གི་ཟློག་མེད་ཀྱི་འགན་འཁྲི་གཙོ་བོ་ག་རེ་རེད་དགོངས་ཀྱི་ཡོད།

 

ལན། མ་གཞི་ང་རང་གིས་གཏིང་ཟབ་པོ་གང་ཡང་ཤེས་ཀྱི་མེད། གང་ལྟར་སོ་སོའི་ཤེས་ཚད་ཀྱིས་འདང་བ་དང་། རང་གཞན་གཉིས་ཀར་ཁོར་ཡུག་གི་ལམ་ཞིག་ཡོད་ན། ཕར་ཕྱོགས་རྒྱ་ནག་གཞུང་ནས་མི་བདེན་རྫུན་སྒྲིག་གི་སྐད་ཆ་མང་པོ་ཞིག་བཤད་པ་དང་། དེབ་དཔར་སྐྲུན་བྱས་ཡོང་གི་ཡོད་པ་དེ་ཚོར་ལན་འདེབས་དང་། རྒྱལ་སྤྱིའི་སྟེང་གསལ་བཤད་བྱེད་དགོས་ངེས་རེད། དེ་འདྲའི་རྒྱ་ཆེན་པོ་བྱེད་མི་ཐུབ་པ་ཚོ་ཡིན་ནའང་སོ་སོའི་འཇོན་ཚོད་དཔག་ཚོད་ཅིག་གནང་གི་ཡོད་པ་དེ་ཚོར་གུས་མོས་གུས་བརྩི་ཞུ་བཞིན་ཡོད།

 

དྲི་བ། ཁྱེད་རང་བཙན་བྱོལ་ནང་གི་བུད་མེད་རྩོམ་པ་པོ་རྒན་གྲས་ཤིག་ཡིན་པའི་ཆ་ནས་བཙན་བྱོལ་ནང་གི་གསར་སྐྱེས་བུད་མེད་རྩོམ་པ་པོ་ཚོར་སྣེ་ཁྲིད་ཀྱི་ནུས་པ་གང་འདྲ་འདོན་འཆར་ཡོད།

 

ལན། ང་རང་ལ་བུད་མེད་རྩོམ་པ་པོ་ཚོར་སྣེ་ཁྲིད་བྱེད་པའི་ནུས་པ་གང་ཡང་མེད། གཙོ་ཆེ་ཤོས་དེ་རང་རང་སོ་སོའི་གནས་སྟངས་ལ་གཞིགས་པའི་རང་ཉིད་ཀྱིས་གང་འཇོན་པ་དེ་ཚོ་ཧུར་ཐག་བྱས་ནས་རང་གཞན་ཚང་མར་ཕན་ཐོགས་ཡོད་པ་ཞིག་བྱེད་ཐུབ་ན་སྙམ་པ་དེ་རང་ཡིན།

 

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༦/༠༢/༡༤

Leave a Reply