ཐེ་རྒྱ་གཉིས་ཀྱི་ཚོང་ཁྲོམ་སྟེང་གི་བོད།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༨༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

གཟའ་སྤེན་པའི་ཉིན་ཐེ་ཝན་གྱི་སྲིད་འཛིན་གསར་པ་བདམས་སོང་། ཁོང་མོ་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་ཚའེ་ལེན་ཝིན་རེད། འདས་པའི་ལོ་བརྒྱད་རིང་གོ་མིན་ཏང་གཞུང་གིས་རྒྱ་ནག་ལ་བསྟུན་མཁས་བྱས་པ་དང་། དེ་སྔོན་རྒྱ་ནག་གིས་ཐེ་ཝན་ལ་ཉེན་བརྡ་བཏང་བ་གང་ལའང་མ་བལྟས་པར། ཐེངས་འདིར་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་པ་འདིས་རྒྱ་ནག་གོ་བརྡ་ཞིག་སྤྲད་ཡོད། དེ་བཞིན། ཨ་རི་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་ལའང་རྒྱ་ནག་དང་ཐེ་ཝན་བར་སྲིད་བྱུས་འཛིན་སྟངས་ལ་བློ་སྤོབས་ཤིག་སྦྱིན་ཡོད།

ལྕམ་སྐུ་ཁོང་དེ་སྔ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་རེད། བོད་དོན་ལས་འགུལ་མང་པོའི་ནང་ཞུགས་མྱོང་བ་མ་ཟད། ༧གོང་ས་མཆོག་དང་བོད་པའི་ཆབ་སྲིད་གནད་ཡོད་མི་སྣ་ཚོར་ཐུག་འཕྲད་གནང་བ་དང་། བོད་དོན་ཐོག་ཚོར་བ་རྣོ་བའི་སྐད་ཆའང་ཐེངས་མང་བཤད་མྱོང་ཡོད། དེ་ནི་ཁོ་མོ་སྒེར་གྱི་རྒྱབ་སྐྱོར་ཙམ་དུ་མ་ཟད། ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་བཞེངས་ཕྱོགས་དང་། རྒྱ་ནག་གཞུང་ལ་ཁ་གཏད་ལྕོག་བཞིན་པའི་སྲིད་དོན་ཚོགས་པ་འདིའི་ལས་འགུལ་གྱི་ཆ་ཤས་ཤིག་ཀྱང་ཆགས་ཡོད།

ད་ལྟ་ང་ཚོས་རེ་དོགས་བྱེད་ས་ནི། ཁོང་མོ་སྲིད་འཛིན་ཆགས་པའི་རྗེས་ལ། བོད་དོན་ཐོག་སྲིད་བྱུས་གང་འདྲ་ཞིག་འཛིན་མིན་དེ་རེད། ཐེ་ཝན་སྲིད་འཛིན་འོས་འདེམས་ལ་རྒྱལ་ཁབ་ཐོབ་མིན་རྒྱ་ནག་ཐོག་བཞེངས་ཕྱོགས་གང་འདྲ་ཞིག་འཛིན་མིན་ལ་འབྲེལ་བ་ཆེན་པོ་ཡོད། དེ་དང་མཉམ་དུ་བོད་དང་སོག་པོ་ཡུ་གུར་སོགས་ལ་བཞེངས་ཕྱོགས་གང་འདྲ་ཞིག་འཛིན་མིན་དེའང་ཐེ་ཝན་མི་མང་གིས་སྲིད་འཛིན་འོས་མིར་གོང་ཐང་གཅོད་པའི་ས་མཚམས་ཤིག་ཡིན། སྲིད་འཛིན་མཱ་ཡོན་ཅུག་ཐོག་མར་སྲིད་འཛིན་དུ་བཞེངས་སྐབས། བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་ཀྱང་། ཁོ་ལ་སྲིད་འཛིན་རྒྱལ་ཁ་ཐོབ་རྗེས་བོད་དོན་དང་བར་ཐག་རིང་དུ་ཕྱིན་ཡོད།

དེ་ལས་གལ་ཆེ་བ་དང་ང་ཚོས་བསམ་གཞིག་གཏོང་དགོས་ས་ཞིག་ནི། ལྕམ་འཚེ་ཡེན་ཝིན་གྱིས་མ་འོངས་པར་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དེས་བོད་དོན་ལ་ཕན་གནོད་གང་འདྲ་ཞིག་འབྱུང་མིན་དེ་རེད། དམངས་གཙོ་ཡར་ཐོན་ཚོགས་པའི་ལངས་ཕྱོགས་ལྟར། རྒྱ་ནག་ལ་བར་ཐག་རིང་དུ་གཏོང་བ་དང་། དམིགས་ཡུལ་དེ་དང་དེ་འབྲེལ་གྱི་བོད་དོན་རྒྱབ་སྐྱོར་གནང་ན། བོད་དོན་ཐད་ཀར་འབྲེལ་བ་ཡོད་ས་དེ་རྒྱ་ནག་ཡིན། བོད་དོན་སེལ་མིན་གྱི་སྣེ་མོ་དེ་ཡང་རྒྱ་ནག་གི་ལག་ཏུ་ཡོད། ཐའེ་ཝན་སྲིད་འཛིན་ལོ་བཞི་དང་། ཡང་ན་ལོ་བརྒྱུད་ནས་འཁྱོལ་འགྲོ་བ་རེད།

རྒྱ་ནག་གིས་བོད་དང་ཐེ་ཝན་རྒྱ་ཁོངས་ཡིན་ཟེར་བཞིན་ཡོད། ད་ལྟ་ཐེ་ཝན་ཧ་ལམ་རྒྱལ་ཁབ་ཅིག་ གི་ངོ་བོར་བསྡད་ཡོད། བོད་ཧྲིལ་བོ་རྒྱ་ནག་གི་དབང་བསྒྱུར་འོག་ཚུད་ཡོད། བོད་པས་རྒྱ་ནག་ལ་ཞི་བའི་གྲོས་མོལ་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད། ཐེ་ཝན་གྱིས་རྒྱ་ནག་དང་རིང་དུ་སྡོད་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད། ཐེ་ཝན་ལ་བོད་དོན་དེ་ལྟོས་བཅས་ཤིག་ཡིན། སྔོན་མ་བོད་པའི་སྐུ་ཚབ་རིམ་པ་རྒྱ་ནག་ཏུ་ཕེབས་སྐབས། ལོ་རྒྱུས་ཐོག་གི་བོད་རང་བཙན་དེ་འདོར་དགོས་པ་དང་། ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་བྱེད་དགོས་པ་སོགས་ཀྱི་ཆ་རྐྱེན་བཏོན་རབས་འདུག དེ་བཞིན་༧གོང་ས་མཆོག་ཐེ་ཝན་ལ་ཕེབས་ཐེངས་རེ་རེར་རྒྱལ་ཁབ་གཞན་ལ་ཕེབས་པ་ལས་ཚོར་བ་བསྟན་ཡོད།

ལྕམ་སྐུ་མཆོག་གིས་མ་འོངས་པར་བོད་དོན་ཐོག་དོན་ཕན་ལྡན་པའི་ཆབ་སྲིད་ཀྱི་རྒྱབ་སྐྱོར་གནང་ན། ཨ་རི་དང་ཡུ་རོབ་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བ་ལས་ཀྱང་གལ་གནད་ཆེ་ཡང་། དམངས་གཙོ་ཡར་ཐོན་ཚོགས་པའི་ཞེ་ཁྲོ་དང་རྒྱ་ནག་སྐམ་ས་དང་ཐེ་ཝན་མཚོ་འགག་གི་ཚོང་ཁྲོམ་སྟེང་གི་བོད་དོན་རྒྱབ་སྐྱོར་དེས་བོད་དོན་ཕུགས་ལ་ཕན་ལས་གནོད་ཚབས་ཆེ་བའང་འབྱུང་སྲིད་དོ།།

བསྐྱར་བཅོས།: ༢༠༡༦/༠༤/༡༩

Leave a Reply