བོད་དང་བོད་དོན་བསྐྱར་གླེང་།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༨༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ཚོའི་སྐད་ཆར་ཉན་གྱིན་ཉན་གྱིན་རྦད་དེ་ཧ་མི་གོ་བ་ཞིག་དང་ད་ལྟའི་བོད་པར་འབྲེལ་བ་མེད་པ་ལྟ་བུ་ཞིག་ཚོར་གྱིན་འདུག མཚམས་ལ་རེར་ཡིག་ཆ་རྙིང་པ་ཞིག་ཀློག་གི་ཡོད་པ་དང་། ཡང་མཚམས་ལ་རེར་གནའ་སྒྲུང་ཞིག་བཤད་ཀྱིན་ཡོད་པ་ཚོར་གྱིན་འདུག འཇིག་རྟེན་ཡོངས་རྫོགས་འགྱུར་བཞིན་ཡོད་ཀྱང་བོད་དང་བོད་དོན་གྱི་ངོ་བོ་དེ་འགྱུར་མེད་རྟག་བརྟན་ཞིག་ཤོད་བཞིན་འདུག བོད་གཞས་བྱེས་གཉིས་སུ་གྱེས་པའི་ལོ་ངོ་དྲུག་ཅུར་ཉེ་བའི་རིང་ལ་བོད་ནང་འགྱུར་བ་ཆེན་པོ་ཕྱིན་ཡོད། རྒྱ་ནག་གི་བཤད་སྟངས་བྱས་ན་ “གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད།” ཟེར་བ་དེའང་ཡོངས་རྫོགས་རྫུན་རེད་ཟེར་མི་ཐུབ། མཐའ་ན་འདས་པའི་ལོ་ངོ་ཉི་ཤུའི་གོང་གི་གནས་སྟངས་ཀྱང་ད་ལྟ་བཙལ་ན་རྙེད་རྒྱུ་མེད།

ང་ཚོས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་པ་དེ་ཁ་ལ་གོམས་པའི་མི་ཚད་ཞེ་ལའང་འབྱར་འདུག ང་ཚོའི་ཁ་ཞེ་གཉིས་ཀ་སྐྱག་ལང་དུ་ཤོར་ཡོད་པའི་གནད་དོན་དེ་དག་ཐོག་ང་ཚོས་བསམ་གཞིག་བྱས་མྱོང་ཡོད་པ་མ་རེད་ལ། མ་འོངས་པར་བྱེད་འདོད་ཀྱང་ཡོད་ས་མ་རེད། བོད་ནང་དང་རྒྱ་ནག་གཞུང་གི་ལྟ་སྟངས་རྙིང་པར་བསྐྱར་དུ་གདེང་འཇོག་བྱེད་པའི་བློ་ཁོག་སུ་ལའང་སྐྱེ་མྱོང་ཡོད་པ་མ་རེད། ད་ནི་ང་ཚོས་ཚང་མར་དབྱིག་པས་ལེབ་རྡུང་མི་བྱེད་པར་གནད་དོན་རེ་རེའི་སྟེང་བྱེ་བྲག་ཏུ་བབས་ཏེ། རྒྱ་ནག་གཞུང་གིས་བོད་པ་ཚོར་སྤྲོད་ཀྱི་མེད་པ་གང་རེད། བོད་པ་རང་ཉིད་ཀྱིས་ལེན་ཐུབ་ཀྱི་མེད་པ་གང་རེད། འདི་དག་ལ་དབྱེ་བསྲེས་ཞིབ་ཚགས་བྱས་ཏེ་དོན་དངོས་གླེང་དགོས་ཀྱི་འདུག

དེང་སྐབས་བོད་ནང་གི་བྱིས་པ་ཡོངས་རྫོགས་སློབ་གྲྭར་འགྲོ་བའི་གོ་སྐབས་བསྐྲུན་འདུག ཕ་མས་ཕྲུ་གུ་སློབ་གྲྭར་མ་བཏང་ན་སྲིད་གཞུང་གིས་ཉེས་པ་གཏོང་གི་འདུག རྒན་པ་ཚོར་རྒན་ཕོགས་དང་དབུལ་བོ་ཚོར་སྐྱོབ་གསོ་སྤྲོད་བཞིན་འདུག འཕྲོད་བསྟེན་གྱི་མཐུན་རྐྱེན་ཚང་མར་འཐོབ་བཞིན་འདུག གྲོང་པ་རེ་རེར་གཞུང་ལམ་བཟོས་ཏེ་དང་མི་ཚང་རེ་རེར་ཆུ་དང་གློག་འཐེན་འདུག འདི་དག་ང་ཚོར་དགོས་པ་མ་རེད་དམ། སྤྱི་ཚོགས་བདེ་འཇགས་ཀྱང་སྔར་ལས་ཇེ་བཟང་དུ་སོང་འདུག ཁྱོན་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་དག་ལས་ལྡབ་མང་པོས་བཟང་བ་དངོས་ཡོད་གནས་ཚུལ་ཆགས་ཡོད།

བོད་རང་བཙན་དང་རང་སྲིད་རང་སྐྱོང་མི་གླེང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས། དེ་བཞིན། བོད་རིགས་རང་གྲོང་ཁྱེར་དང་སྐྱོང་ཁུལ། རྫོང་དང་ཞང་སོགས་ཀྱི་སྲོལ་ཡིག་དག་ཏུ་གྲངས་ཉུང་མི་རིགས་ལ་ཐོབ་ཐང་ག་རེ་འཁོད་འདུག དེ་དག་ལས་ད་ལྟ་ང་ཚོར་ཐོབ་ཀྱི་མེད་པ་གང་རེད། མ་ཐོབ་པའི་རྒྱུ་མཚན་གང་ལ་ཐུག་འདུག དེ་དག་ལེན་ཐབས་ལ་ང་ཚོས་ག་རེ་བྱེད་དགོས་ཀྱི་འདུག མི་སུ་དང་ལས་ཁུངས་གང་ལ་གཏུག་དགོས་ཀྱི་འདུག འདིར་ང་ཚོས་བསམ་བློ་ཞིབ་ཚགས་བཏང་སྟེ། ཆུང་ས་ནས་མགོ་བརྩམས་ཏེ་ནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་དགོས།

རང་དབང་དང་དམངས་གཙོ། འདྲ་མཉམ་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བའི་སྐད་ཆ་རྫིག་པོ་འདི་དག་ཀྱང་གནས་སྐབས་རིང་མི་གླེང་། བོད་རིགས་འདུས་སྡོད་ཀྱི་ས་གནས་ཁག་གི་ལས་ཁུངས་དང་སྦྲགས་ཁང་། མེ་འཁོར་དང་རླངས་འཁོར་འབབ་ཚིགས་སོགས་སུ་བོད་ཡིག་བོད་སྐད་ཇི་ལྟར་སྤྱོད་ཐུབ་བྱེད་དགོས། སློབ་གྲྭ་དང་དགོན་སྡེ་ཁག་ཏུ་བོད་པའི་དུས་ཆེན་དང་བོད་པའི་རིག་གཞུང་ཇི་ལྟར་སྲུང་གཙི་གནང་དགོས། ཉེ་ལམ་རྨ་ལྷོ་རེབ་གོང་རྫོང་དུ་མགྲོན་ཁང་ཞིག་གི་སྦྱིན་བདག་གིས་ལས་ཀ་བ་ཚོར་བོད་སྐད་བཤད་མི་ཆོག་པའི་བཀོལ་ཁྱབ་བཏང་རྗེས་རྫོང་སྲིད་གཞུང་གིས་མགྲོན་ཁང་སྒོ་བརྒྱབ་པ་དེ་ནི། ང་ཚོས་དག་བསུ་ཞུ་འོས་པ་དང་མིག་དཔེར་ལྟ་འོས་པ་དེ་རེད།།

བསྐྱར་བཅོས།: ༢༠༡༦/༠༤/༡༩

Leave a Reply