རྩྭ་ཉིན་ནས་ཟོས་ཏེ་ལྕི་བ་སྲིབ་ལ་བཏང་།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༩༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

འདས་པའི་ཉིན་བཅུ་གྲངས་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་བལྟས་ནས་ཉན་པ་ཡིན། ཐེངས་འདིའི་གྲོས་ཚོགས་ལས་མཐོང་སྣང་གསར་པ་ཞིག་བྱུང་སོང་། དེ་ནི་དམངས་གཙོའི་ཀ་བ་གསུམ་སྟེ་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་ལྷན་ཚོགས་གཉིས་ཀྱི་འགན་དབང་ཕན་ཚུན་འདྲེས་བཞིན་ཡོད་པའི་གནད་དོན་དེ་རེད། བོད་མི་མང་སྤྱི་འཐུས་སྐོར་ཞིག་གིས་གྲོས་ཚོགས་ཀྱི་སྡིངས་ཆ་དང་སྤྱི་འཐུས་ཀྱི་དབང་ཚད་སྤྱད་དེ་གཞན་གྱི་ལས་འགན་བསྒྲུབས་པ་དང་འཛིན་སྐྱོང་གི་སྐྱོན་དང་ནོར་འཁྲུལ་འགེབ་སྲུང་བྱེད་བཞིན་འདུག

བཀའ་ཤག་སྔོན་མའི་སྐབས་སུ་དམངས་གཙོའི་ཀ་བ་གསུམ་གྱི་ལྗིད་མཉམ་སྟངས་འཛིན་སྐོར་ལ་ལབ་གླེང་ཞིག་བྱུང་ཡོད། སྤྱི་འཐུས་ཚོ་རང་གི་ས་མཚམས་བརྒལ་ཏེ་བཀའ་ཤག་གི་དབང་ཚད་ལ་ཐེ་གཏོགས་བྱེད་ཀྱིན་ཡོད་པ་དང་། བཀའ་ཤག་གིས་ཁྲིམས་ལུགས་དབང་འཛིན་ལ་དབང་ཡོད་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཐོན་ཡོད། གནས་ཚུལ་དེ་དག་ད་ལྟའི་གནས་ཚུལ་དང་བསྡུར་ན་བཟང་ཕྱོགས་སུ་ངོས་འཛིན་བྱེད་ཆོག རང་གི་འགན་དབང་སྤྱད་དེ་གཞན་གྱི་འགན་དབང་ལ་སྐུལ་འདེད་གཏོང་གི་ཡོད་སྟབས། མི་སྒེར་གྱི་བཟང་སྤྱོད་དང་འགལ་འཁྲུག་གང་ཡང་བྱུང་མེད།

སྐབས་དེའི་གྲོས་ཚོགས་ནང་སྤྱི་འཐུས་གཅིག་ལས་གཅིག་ལྷག་གིས་ངར་ལངས་ཏེ། འཛིན་སྐྱོང་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་དང་དགོངས་པ་བཞེས་སྟངས། བཀའ་བློན་ཁྲི་པ་གཙོས་པའི་བཀའ་བློན་བྱེ་བྲག་པ་རེ་རེ་དང་། མཐའ་ན་ཤམ་འོག་ལས་བྱེད་ཚུན་ལ་ཚ་འདེད་བཙིར་གནོན་བྱས་ཡོད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ང་ཚོ་ཆབ་སྲིད་ཚོགས་པ་མེད་པའི་གྲོས་ཚོགས་ཤིག་ཡིན་སྟབས། སྤྱི་འཐུས་རྣམ་པ་ཚོས་ཁ་གཏད་ཚོགས་པ་དང་གཞུང་འཛིན་ཚོགས་པ་གཉིས་ཀྱི་འགན་བཞེས་དགོས་ཀྱང་། ད་ལྟའི་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་ཁ་གཏད་ཚོགས་པའི་ཚབ་བྱེད་ཀྱིན་འདུག་ཅེས་གསུང་སྐད་ཤོར་ཡོད།

ཡ་མཚན་པ་ཞིག་ལ་སྔོན་དང་ད་ལྟའི་དམངས་གཙོའི་ཀ་བ་གསུམ་གྱི་འགན་དབང་འདྲེས་སྟངས་རྦད་དེ་ཁ་ཁ་ཆགས་ཡོད། བཀའ་ཤག་སྐབས་བཅུ་བཞི་པ་མགོ་བཙུཊ་པའི་ཚུན་དང་། ལྷག་པར་དུ་སྲིད་སྤྱིའི་འོས་བསྡུ་གྲུབ་པའི་རྗེས་ལ་ཚོཊ་པའི་གྲོས་ཚོགས་སྟེང་། ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གིས་འཛིན་སྐྱོང་བཀའ་ཤག་གི་ཚབ་བྱས་ཏེ་གྲོས་ཚོགས་ནང་བཀའ་མོལ་གནང་བ་དང་། སྲིད་སྐྱོང་དང་བཀའ་བློན་རྣམ་པའི་སྐྱོན་དང་ནོར་འཁྲུལ་འགེབ་སྲུང་བྱེད་པའི་གསར་གཏོད་ཅིག་མཐོང་སོང་། འདི་མང་ཚོགས་ཀྱིས་བདམས་པའི་མང་ཚོགས་ཀྱི་སྐུ་ཚབ་ཚོས་རྩྭ་ཉིན་ནས་ཟོས་ཏེ་ལྕི་བ་སྲིབ་ལ་བཏང་བ་རེད།

སྤྱིར་བོད་མིའི་སྒྲིག་འཛུགས་ལ་སྲུང་སྐྱོབ་བྱེད་པའི་འགན་དེ་སྤྱི་འཐུས་ཙམ་མ་རེད། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ཡོད། ཆོལ་ཁ་ལུང་ཚན་གྱི་འཐེན་འཁྱེར་བྱེད་ཀྱིན་ཡོད་ན་འདྲ་ལ། ཆེན་པོ་མཐོན་པོ་ཚོར་ངོ་དགའ་སྤྲེལ་ལད་འཁྲབ་ཀྱིན་ཡོད་ནའང་ཆོག ལས་དོན་གྱི་ཐོག་ནས་དམངས་གཙོའི་ཀ་བ་གསུམ་ཕན་ཚུན་འགལ་འཁྲུག་མེད་པར་རང་རང་གི་ས་མཚམས་སྲུང་སྟེ། ལངས་ཕྱོགས་བརྟན་པོ་འཛིན་དགོས་པའི་དམངས་གཙོའི་སྒྲིག་སྲོལ་རེད་ལ། རྒྱ་ཆེའི་མང་ཚོགས་ཀྱིས་ཡིད་ཆེས་བྱས་ཏེ་བདམས་པའི་རེ་བཅོལ་ཡང་དེ་རེད།

བསྐྱར་བཅོས།: ༢༠༡༦/༠༤/༡༩

Leave a Reply