གངས་སྐྱིད་ལ་ས་ཡོམ་བརྒྱབ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༩༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱལ་ཁབ་ཅིག་ལ་མཚོན་ན། དབུས་འཛིན་སྐྱོང་ནང་གི་ཕྱི་འབྲེལ་དང་རྒྱལ་སྲུང་གཉིས་ནི་གཞུང་གི་ལག་པ་གཡས་གཡོན་ལྟ་བུ་ཡིན། བྱ་རྒོད་པོ་ཞིག་ལ་ཅི་ཚང་ན། བྱེའུ་བྱ་མ་ཞིག་ལའང་དེ་ཚང་། ཞེས་པའི་དཔེ་ལྟར་བོད་མིའི་སྒྲིག་འཛུགས་ལ་མཚོན་ནའང་དབུས་ལྷན་ཁང་ཁག་ལས་ཕྱི་དྲིལ་དང་བདེ་སྲུང་གཉིས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལག་པ་གཡས་གཡོན་རེད། ལྷག་པར་དུ་བོད་པ་ཆབ་སྲིད་སྐྱབས་བཅོལ་བའི་ངོས་ཐད་ནས་བཤད་ན། ཕྱི་དྲིལ་ལས་ཁུངས་དེ་བོད་དོན་རྒྱལ་སྤྱིའི་སྟེང་སྒྲོག་མཁན་གྱི་མགྲིན་པ་དང་། བདེ་སྲུང་ལས་ཁུངས་ནི་༧གོང་ས་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་གནང་མཁན་གྱི་ལྕགས་རི་དེ་ཡིན།

ཨ་རི་དང་ཡུ་རོབ་སོགས་དམངས་གཙོའི་རྒྱལ་ཁབ་ཁག་ལ་མཚོན་ན། དབུས་འཛིན་སྐྱོང་ནང་གི་བློན་ཆེན་གང་རུང་ཞིག་གིས་འདི་ལྟར་གློ་བུར་དུ་དགོངས་པ་ཞུས་ན་གླེང་གཞི་ཆེན་པོ་ཆགས་ངེས་ལ། གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་ཁ་ཡིག་ལ་སྲིད་འཛིན་དང་སྲིད་བློན་ག་གེ་མོའི་འཛིན་སྐྱོང་ནང་ས་ཡོམ་བརྒྱབ་སོང་། གཞུང་ལ་རླུང་ཚུབ་ལྡང་སོང་ཟེར་བ་སོགས་འགོད་ངེས་ཡིན། ཕྱི་འབྲེལ་དང་རྒྱལ་སྲུང་ནི་ཐད་ཀར་ཆབ་སྲིད་ལྷན་ཁང་ཆགས་ཡོད་སྟབས། ཆབ་སྲིད་དཔྱད་བརྗོད་པ་ཚོས་གཞུང་དེའི་རྩ་དོན་ཐོག་གཡོ་ཁྱོམ་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། བློན་ཆེན་ལྷན་ཚོགས་ནང་དགོངས་ཚུལ་མཐུན་གྱི་མེད་པའི་ངོས་འཛིན་བྱེད།

བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་དགོངས་པ་ཞུ་སྐབས། ཉེ་ལམ་གྱི་༧གོང་ས་མཆོག་གིས་བཀའ་གནང་དང་། ལྷ་ཆོས་སྐྱོང་སྲུང་མས་ལུང་བསྟན་པ་དེ་དག་ཐོག་འགན་ཁྱོག་གི་མི་འདུག ལས་འགན་ལྕི་མོ་དེ་འདྲ་ཞིག་གི་ཐོག་ཏུ་རང་བློ་རང་ལ་ལྐོག་གྱུར་མིན་སྟབས། བསམ་བློ་ཞིབ་ཚཊ་བཏང་སྟེ་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་པ་ཡིན་གསུངས་སོང་། མི་མང་ནང་ “འགན་ཁྱོག་གི་མི་འདུག” ཟེར་བ་དང་ “བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས” ཟེར་བ་འདི་གཉིས་ཡར་འཐེན་མར་གཅོད་བྱས་ཏེ་རྩོད་པ་རྒྱག་གི་འདུག འདི་ལ་ཆོལ་ཁའི་མིག་ཤེལ་ཕུད་དེ་བོད་པའི་མིག་ཤེལ་ལས་བལྟས་ན་བློ་བཟང་སེང་གེ་ཡི་འཛིན་སྐྱོང་ནང་རླུང་ཚུབ་ལྡང་གི་ཡོད་པ་གསལ་བོ་མཐོང་ཐུབ།

ཕྱི་དྲིལ་དང་བདེ་སྲུང་གཉིས་ཀྱི་བཀའ་བློན་ཀྱིས་སྔ་རྗེས་སུ་རྩ་དགོངས་ཞུས་སོང་། བདེ་སྲུང་བཀའ་བློན་མཆོག་གིས་དགོངས་པ་ཞུ་སྐབས། བཀའ་ཤག་སྐབས་བཅུ་བཞི་པའི་ལས་ཡུན་འཁྱོལ་རྒྱུར་ཟླ་གཉིས་ཙམ་ལས་ལྷག་མེད་པ་དང་། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའང་གྲུབ་ཟིན་པའི་རྗེས་རེད། ཐེངས་སྔོན་མར་ཕྱི་དྲིལ་བཀའ་བློན་གྱིས་རྩ་དགོངས་ཞུ་སྐབས། ཆོལ་ཁའི་གནོན་ཤུགས་ཡིན་སྐོར་དང་སྤེན་པ་ཚེ་རིང་ལ་འོས་ཐོབ་ཆེད་ཡིན་སྐོར་སོགས་ཀྱི་སྒྲོ་འདོགས་མང་པོ་བྱས་ཡོད། གོ་སྐབས་འཇུས་ཏེ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་ཀྱང་ཁུ་བྱུག་གནམ་ཆུར་རེ་བ་ལྟར། ཉིས་སྟོང་ཉེར་གཅིག་ལོའི་སྲིད་སྐྱོང་འོས་བསྡུར་བློས་གཏོང་ཆེན་པོའི་ནག་ཚོང་ཞིག་བརྒྱབ་སོང་།

༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ཐོག་འཐུས་ཤོར་བཏང་འདུག་གསུངས་པ་དང་། གནས་ཆུང་ཆོས་རྒྱལ་ཆེན་པོ་དང་བཀྲ་ཤིས་ཚེ་རིང་མ་རྣམ་གཉིས་ནས་༧གོང་ས་མཆོག་ཐུགས་ཕམ་ཡིད་སྐྱོའི་ངང་ནས་སྐུ་ཚེ་ཉུང་དུ་སོང་ཡོད་གསུངས་པ་འདི་དག་ཐོག་དབུ་སྲིད་སྐྱོང་ནས་འོག་འཕྲོད་བསྟེན་བཀའ་བློན་བར་འགན་འཁུར་ལེན་གྱི་མེད་ན། བཀའ་ཤག་གི་དཀྱིལ་འཁོར་ནང་བཞུགས་མཁན་གཞན་དག་ཚོས་སྡིག་པ་མིག་བཙུམ་བྱས་ཏེ་སྡོད་རྒྱུ་ཡིན་ནམ། བཟང་སྤྱོད་ཐོག་ནས་རྩ་དགོངས་ཞུ་རྒྱུ་ཡིན། གདམ་ག་འདི་གཉིས་ལས་གཞན་ལྷག་མེད་སྟབས་བདེ་སྲུང་བཀའ་བློན་མཆོག་གིས་ཕྱི་མ་དེ་བདམས་པ་རེད།

བསྐྱར་བཅོས།: ༢༠༡༦/༠༤/༡༩

Leave a Reply