རྡུལ་འཚུབ་དྭངས་རན།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༩༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

ད་ནི་འོས་བསྡུ་ཆེན་མོ་རྫོགས་སོང་། རྡུལ་འཚུབ་དམར་པོའང་དྭངས་དགོས། བཙན་བྱོལ་བོད་མི་ཚོས་མཐུན་འགྲིག་གི་རྩ་དོན་གཅིག་ལ་དགོངས་པ་བཞེས་ཏེ། འཐབ་རྩོད་ཀྱི་ཁ་ཕྱོགས་གཅིག་ལ་སྟོབས་ཤུགས་བསྒྲིལ་དགོས། བོད་གཞིས་བྱེས་གཉིས་སུ་གྱེས་ཏེ་ཁྲག་དང་སྲོག་གི་འགྲོ་སོང་བཏང་བ་དང་། བཙན་བྱོལ་ནང་མི་ལོ་ལྔ་བཅུ་ལྷག་ལ་དཀའ་ལས་བརྒྱབ་པ་འདི་དག་དམངས་གཙོའི་ཆེད་དུ་མིན་ལ་འོས་བསྡུའི་ཆེད་དུ་དེ་བས་ཀྱང་མིན། ད་བར་བཙན་བྱོལ་ནང་ཁ་ཆག་སྣ་རལ་གང་བྱུང་བ་ཡོངས་རྫོགས་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་ལས་བྱུང་བ་ངོས་ཟིན་དགོས།

ན་ནིང་ད་ལོར་བོད་ནང་གི་བོད་མི་ཚོར་ཆབ་སྲིད་ཚོར་བ་ཤུགས་ཆེ་རུ་འགྲོ་བཞིན་འདུག སྔར་གྱི་བདེན་པའི་ཨུ་ཚུགས་ཀྱི་ཆབ་སྲིད་ལྟ་བ་རླབས་པོ་ཆེ་དེར་གཡོ་འགུལ་ཐེབས་ཏེ། ད་ནི་ཆབ་སྲིད་འཛོར་པོ་དེའི་བྱ་བྱེད་ལས་གསུམ་ཁྱབ་བརྡལ་འགྲོ་བཞིན་འདུག ཉིས་སྟོང་བཅུ་དང་བཅུ་གཅིག་གི་འོས་བསྡུ་ཆེན་མོའི་སྔ་རྗེས་ནས་བཟུང་། བཙན་བྱོལ་ནང་གི་ཧུར་བཙོན་ཅན་མང་པོ་ཞིག་གིས་ཤུགས་བརྒྱབ་པའི་གྲུབ་འབྲས་དང་། ལྷག་པར་དུ་ད་ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་ཏེ་བཙན་བྱོལ་ནང་གི་ཕྱོགས་རེས་འཐེན་འཁྱེར་གྱི་དུག་ཆེན་དེ་བོད་ནང་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་འདུག

ཁ་པར་དང་སྐད་འཕྲིན་སོགས་ཀྱི་བརྒྱུད་ལམ་སྟབས་བདེར་སོང་བ་དང་བསྟུན་ཏེ། སྲིད་སྤྱིའི་འོས་མིའི་རྒྱབ་སྐྱོར་བ་ཚོས་རང་གི་འོས་མིར་རྒྱབ་སྐྱོར་རག་ཆེད། བོད་ནང་གི་བོད་མི་ཚོ་བེད་སྤྱོད་བཏང་སྟེ་གཞས་པ་ཚོར་གཞས་གཏོང་དུ་བཅུག ལྷ་བྲིས་ཚོར་རི་མོ་འབྲི་རུ་བཅུག མི་མང་འཚོགས་ས་འདུ་སར་ངོ་སྤྲོད་གཏམ་བཤད་དང་། པར་དང་སྦྱར་ཤོག་བཀྲམ་དུ་བཅུག་པ། ཐ་ན་མི་ཚང་རེ་རེའི་ནང་དུ་པར་སྒྲིག་བཤམ་དང་ལོ་རྒྱུས་སྒྲོག་སྦྱངས་བྱས་ཏེ། བོད་དོན་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཏུ་འུད་སྒྲོག་བྱས་པ་སོགས་བྱུང་འདུག འདི་དག་ད་བར་བཙན་བྱོལ་ནང་ཁ་ཆག་སྣ་རལ་གང་བྱུང་བ་དེ་བོད་ནང་ལ་སྣ་འདྲེན་བཞིན་ཡོད་པ་རེད།

ད་ལོའི་འོས་བསྡུའི་ལས་རིམ་སྐབས་ཨ་རིའི་དོན་གཅོད་ཁང་དུ་༧གོང་ས་མཆོག་གི་སྐུ་པར་མར་ཕབ་སྟེ། སྲིད་སྐྱོང་བློ་བཟང་སེང་གེའི་སྐུ་པར་ཡར་བཀལ་སོང་ཟེར་བའི་རྩོད་ཉོག་རྫོགས་མེད་དེར་རྒྱུ་མ་ཕུ་འདེད་བྱེད་མཁན་བྱུང་མེད་ཀྱང་། བོད་ནང་དེ་དང་དེ་འདྲ་བའི་གནས་ཚུལ་སྣ་ཚོགས་ཤིག་དངོས་སུ་བྱུང་ཡོད་པ་གསལ་བོ་ཆགས་ཡོད། རང་གི་ཆོལ་ཁོངས་ལས་ཀྱང་ཆོལ་ཁ་གཞན་པའི་ནང་དངོས་ཤུགས་བརྒྱུད་གསུམ་ནས་བརྒྱུད་སྐུལ་བྱས་པ་དང་། དེ་འབྲེལ་གྱི་པར་དང་བརྙན་སོགས་རྫུན་བཟོ་བྱས་ཏེ། བཙན་བྱོལ་སྤྱི་ཚོགས་ནང་འགྲེམ་སྤེལ་བྱས་འདུག་པ་འདི་དག བོད་དོན་འཐབ་རྩོད་ལས་ཀྱང་འོས་བསྡུའི་རྒྱལ་ཁ་གལ་ཆེར་རྩིས་པ་རེད།

ཤ་ཚ་བའི་ཁ་ན་གཏམ་སྙན་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཟེར་བ་ལྟར། ཉེ་ལམ་བོད་ནང་གི་གཞས་པ་དང་གཏམ་བརྗོད་སྒྱུ་རྩལ་པ་གྲགས་ཆེན་ཞིག་གིས། བཙན་བྱོལ་སྤྱི་ཚོགས་ནང་གི་མི་ངན་རེ་ཟུང་གི་བྱ་སྤྱོད་དང་འབྲེལ་ཏེ། བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ལ་སྡོམ་ཚིག་ཅིག་བརྒྱབ་འདུག་པ་དེར། བརྒྱུད་ལམ་ཁག་ཏུ་སྡིགས་དམོད་ཤུགས་ཆེན་གཏོང་གི་འདུག་ཀྱང་། དོན་དངོས་ཐོག་ཁོའི་སྐད་ཆའི་བཤད་སྟངས་ལ་ནོར་འཁྲུལ་རེ་ཟུང་ཡོད་ཀྱང་། སྐད་ཆའི་ནང་དོན་བརྒྱ་ཆའི་བརྒྱ་བདེན་པ་དང་། བཙན་བྱོལ་ནང་གི་སྐྱོན་དང་ནོར་འཁྲུལ་དམར་རྗེན་དུ་བཏོན་འདུག་སྟབས། ད་ནི་ང་ཚོས་མཚམས་དང་ཚོད་ཅིག་མ་བཟུང་ན། བྱེས་ཀྱི་ནད་ཡམས་གཞིས་ལ་ཁྱབ། གཞིས་ཀྱི་སེམས་ཤུགས་བྱེས་ནས་བཅག གཞིས་བྱེས་བར་གྱི་ཡིད་ཆེས་བརླགས། ཆོལ་ཁའི་བར་ནས་བོད་དོན་བརླག་རྒྱུ་ཡིན་པ་གདོན་མི་ཟའོ།།

བསྐྱར་བཅོས།: ༢༠༡༦/༠༥/༠༣

Leave a Reply