འོས་བསྡུའི་ལས་རིམ་ནང་གི་མགོ་ཉོག་གསུམ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༩༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་ཚ་ཚ་འུར་འུར་དང་རྩོད་ཉོག་ལབ་གླེང་གི་ཁྲོད་ནས་མཇུག་བསྒྲིལ་སོང་། ཉེ་ཆར་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པའི་མཚན་གཞུང་གསལ་བསྒྲགས་དང་འབྲེལ་ཏེ། བདམས་ཐོན་སྲིད་སྤྱི་གཉིས་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་དང་། འོས་བསྡུ་རྒྱལ་ཁའི་ངང་གྲུབ་ཡོད་སྐོར་གསུངས་སོང་མོད། ཡང་སྙིང་ཐེངས་འདིའི་འོས་བསྡུའི་ལས་རིམ་ཁྲོད་ང་ཚོར་ཐོབ་པ་ལས་ཤོར་བ་མང་བ་དང་། སྲིད་སྐྱོང་གཅིག་དང་སྤྱི་འཐུས་ཞེ་ལྔ་བདམས་ཐོན་བྱུང་བ་དེའང་རྒྱལ་ཁ་ཞིག་རེད་དམ་ཕམ་ཁ་ཞིག་རེད། དྲི་བ་འདི་བོད་མིར་ཤ་ཚ་ཡོད་མཁན་ཚང་མའི་སེམས་ནང་ཡོད་ངེས།

བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གྲུབ་སྟངས་འདི་ཐོག་མ་རྒྱ་གར་ལ་དཔེ་བལྟས་པ་རེད། ཐ་ན་ད་ལྟའི་ཆར་ཡང་ལས་དོན་བྱེད་ཕྱོགས་མང་པོ་ཞིག་རྒྱ་གར་ལ་དཔེ་ལྟ་བཞིན་ཡོད། འོན་ཀྱང་། རྒྱ་གར་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་རེད། ང་ཚོ་ནི་མིའི་ལུང་པར་གནས་ཚང་གཡར་ནས་སྡོད་མཁན་སྐྱབས་བཅོལ་སྒྲིག་འཛུཊ་ཤིག་ཡིན་སྟབས། ལས་དོན་མང་དག་ཅིག་དགོས་མཁོ་ཡོད་ཀྱང་ང་ཚོའི་ནུས་པས་མི་ལྕོཊ་པ་དང་། རིཊ་ཤིག་བོད་པ་སྐྱབས་བཅོལ་བའི་གནས་སྟངས་ལ་འོས་འཚམ་མིན་ཡང་། ང་ཚོས་མཁོ་མེད་དང་མགོ་ཉོག་ལ་མ་ལྟོས་པར་མུ་མཐུད་ཉར་འཛིན་བྱེད་ཀྱིན་ཡོད།

མགོ་ཉོག་གཅིག་འོས་བསྡུའི་ལས་རིམ་ནང་གི་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་རེད། འདིས་མི་མང་པོ་ཞིག་ལ་འོས་བསྡུའི་ཆ་ཤས་ལེན་པར་འགོག་རྐྱེན་བཟོ་བཞིན་ཡོད་པ་མ་ཟད། སྒྲིག་འཛུགས་རང་གི་ཕྱག་ལས་གནང་ཕྱོགས་ལའང་ལས་ཀ་འཐོལ་པ་བཟོ་བཞིན་ཡོད། འོས་བསྡུའི་ཆ་ཤས་ལེན་པར་དཔྱ་དངུལ་ལག་དེབ་ངེས་པར་དུ་ཡོད་དགོས་པ་དང་། ལག་དེབ་ཀྱི་དུས་ཚོད་ཕར་འགྱང་བྱས་ཡོད་པ། འོས་བསྡུའི་མིང་གཞུང་དེབ་སྐྱེལ་བྱས་ཡོད་པ། མཐར་འོས་ལྡུག་དགོས་པ་བཅས་འོས་བསྡུ་གཅིག་པུར་ལས་ཀའི་གོ་རིམ་བཞི་ངེས་པར་དུ་བརྒྱུད་དགོས་པ་ཆགས་ཡོད།

རྒྱ་བལ་འབྲུག་གསུམ་ནང་སྡོད་མཁན་ཁྲོད་གདམ་བྱ་འདེམས་བྱེད་ཁོ་ནའི་ཆེད་དུ་ཉིན་གཉིས་གསུམ་གཏོང་ཐུབ་པའི་དམངས་གཙོའི་གོ་རྟོགས་ཅན་ཉུང་ཉུང་ཡིན་ལ། ཨ་རི་དང་ཡུ་རོབ་སོཊ་སུ་དུས་ཚོད་ཀྱི་རིན་ཐང་དེ་ལས་ཀྱང་རྩ་ཆེ། གལ་སྲིད་དུས་ཚོད་གཏོང་ཐུབ་ཀྱང་ལས་ཀ་དུས་ཐོག་ལ་འགྲུབ་ཐབས་མེད་སྟབས། འོས་བསྡུའི་ཉིན་མོར་འོས་བསྡུ་ལས་ཁང་དང་དཔལ་འབྱོར་ལས་ཁུངས་མཉམ་འབྲེལ་བྱས་ཏེ། ཡུལ་དངོས་ནས་དཔྱ་དངུལ་འབུལ་བ་དང་འོས་བསྡུའི་དེབ་སྐྱེལ་བྱེད་པ། འོས་ལྡུག་པ་གསུམ་ཉིན་གཅིག་ལ་བྱུང་ན། འོས་བསྡུར་ཆ་ཤས་ལེན་མཁན་མང་དུ་འགྲོ་བ་མ་ཟད། ས་གནས་མི་མང་ལ་ཧ་ཅང་སྟབས་བདེ་བ་དང་། གཞུང་ལ་དཔྱ་དངུལ་འབུལ་མཁན་མང་དུ་འགྲོ་བའང་གདོན་མི་ཟའོ།།

མགོ་ཉོག་གཉིས་པ་འོས་བསྡུའི་དུས་ཡུན་རེད། འོས་བསྡུའི་དུས་ཡུན་རིང་དྲགས་པའི་གླེང་སློང་དེ་སྔོན་ནས་སྤྱི་ཚོགས་ནང་ཡོང་གི་ཡོད་ལ། ད་ལོའི་འོས་བསྡུའི་སྐབས་ལ་ཕྱི་རྒྱལ་རྟོག་ཞིབ་པ་དག་གིས་ཀྱང་བསམ་ཚུལ་བཤད་ཡོད། དེ་བཞིན། ཉེ་ལམ་བཀའ་སྤྱི་གཉིས་ཀྱིས་ཀྱང་དངོས་འཛིན་གཅིག་གྱུར་བྱུང་སྟེ་འོས་བསྡུ་ལས་ཁང་ལ་གོ་བསྡུར་བྱས་ཏེ། མ་འོངས་པར་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གཏོང་འདོད་ཡོད་པ་དེ་བཞིན་དུ། འོས་བསྡུའི་ལས་རིམ་ཕྱི་ཟླ་གསུམ་པའི་ཚེས་ཤར་ནས་མགོ་བཙུགས་ཏེ། ལས་རིམ་ཡོངས་རྫོགས་ཟླ་ལྔ་དང་དྲུག་ནང་ཚུན་ལ་མཇུག་རྫོགས་པ་དང་། སྔོན་འགྲོ་དང་དངོས་གཞིའི་བར་ཟླ་གཉིས་ལས་མ་བཞག་པ་ཡིན་ན། སྤྱི་སྒེར་གཉིས་ཀར་གླེང་ཉོག་ཉུང་བ་དང་ཕན་ཐོགས་ཆེ་བ་ཡོད།

མགོ་ཉོག་གསུམ་པ་འོས་བསྡུའི་སྒྲིག་གཞི་དང་ལམ་སྟོན་གྱི་དོན་ཚན་འགའ་རེད། དཔེར་ན། ད་ལོའི་འོས་བསྡུའི་ལས་རིམ་ནང་འོས་མི་ཚོས་ཁྱབ་བསྒྲགས་བྱེད་ཕྱོགས་དང་འགྲོ་སོང་གཏོང་ཕྱོགས་ལ་དོ་དམ་བྱེད་སྟངས་ཁ་གསལ་མེད་པ་དང་ལག་ལེན་བསྟར་དཀའ་བ་ཆགས་ཡོད། གནད་དོན་གང་ཞིག་སྟངས་འཛིན་མི་ཐུབ་པའི་རིགས་ལ་ཁྲིམས་སྒྲིག་སྣ་ཚོགས་མ་བཟོས་ན་རྙོག་གླེང་ཆུང་བ་དང་། ཁྲིམས་སྒྲིག་བཟོས་ཟིན་རིགས་ངེས་པར་དུ་ལག་བསྟར་བྱས་ན་ལྗིད་ཁོག་དང་རིན་ཐང་ལྡན། ལྷག་པར་དུ་ད་ལོར་སྲིད་སྤྱིའི་འོས་མི་ཚོས་བོད་པའི་རྒྱལ་དར་སོགས་བེད་སྤྱོད་གཏང་མི་ཆོག་ཟེར་བ་དེ་ཆབ་སྲིད་སྐྱབས་བཅོལ་བ་ཞིག་གི་དམིགས་ཡུལ་དང་ཡང་འགལ་ཡོད་སྟབས། མ་འོངས་པར་འདི་དག་ཐོག་ངེས་པར་དུ་བསྐྱར་བཅོས་དཀྱེལ་ཡངས་གནང་དགོས་སོ།།

བསྐྱར་བཅོས།: ༢༠༡༦/༠༥/༠༣

Leave a Reply