ད་ལོའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཨོ་ན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་དང་པོ་དང་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་ཡོད་སོང་།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་སྐབས་དང་པོའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མཐའ་མ་དེ་གནང་ཡོད་ཅིང་། བོད་ཀྱི་བུད་མེད་རྐད་རྩེད་སྤོ་ལོའི་རུ་ཁག་དང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀ་ཌི་ཨོ་ན་ (Khad Una) བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་བར་རྩེད་དེ་ཨོ་ན་བུད་མེད་རྐད་རྩེད་སྤོ་ལོའི་རུ་ཁག་ལ་ཨང་དང་པོ་དང་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་ཡོད་པ་དང་། བྱ་དགའ་སྤྲོད་པའི་མཛད་སྒོའི་སྟེང་དྷ་ས་ས་གནས་མགོ་འཛིན་གསར་པ་ཟླ་བ་རིན་ཆེན་ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་མོན་ཀོ་ཊི་ཡ་བཅས་ཕེབས་འདུག
དེ་ཡང་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༢ བར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་གོ་སྒྲིག་གནང་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་ཁྲོད་བོད་པའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གཅིག་དང་། ཨཱ་མར་སར་ནས་རུ་ཁག་གཅིག ཧི་མ་ཅལ་མངའ་སྡེའི་སེར་མོར་ན་ཧན་ (Sirmour Nahan) དང་ཀ་ཌི་ཨོ་ན་ (Khad Una) གཉིས་ནས་རུ་ཁག་གཉིས་བཅས་ཁྱོན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ ༤ བར་ལ་ཉིན་བཞིའི་རིང་འགྲན་བསྡུར་བྱས་ཏེ། དེ་རིང་གི་མཐའ་མའི་འགྲན་བསྡུར་སྟེང་ཨོ་ན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་པོ་དང་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་ཡོད་པ་རེད།
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས་གསར་འགོད་པར་བརྗོད་དོན། ད་ལན་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཧ་ཅང་ཡག་པོ་རྩེད་སོང་ལ། ད་རེབ་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་གཉིས་པ་མ་གཏོགས་མ་ཐོབ་ནའང་། མ་འོངས་པར་མུ་མཐུད་ནས་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་ལས་རིམ་དེ་རྒྱུན་སྐྱོང་གནང་རྒྱུ་ཡིན་སྐོར་བརྗོད་སོང་།
བུད་མེད་རྐང་རྩེད་སྤོ་ལོའི་དགོས་དམིགས་སྐོར་ལ་ཁོང་གིས། བོད་ཀྱི་བུ་མོ་ཚོ་རྩེད་རིགས་སྣ་ཚོགས་ནང་མཉམ་ཞུགས་བྱས་ཏེ་སོ་སོའི་བློ་སྤོབས་དང་ནུས་སྟོབས་གོང་སྤེལ་ཙམ་མ་ཟད། འཕྲོད་བསྟེན་བདེ་ཐང་ལའང་ཕན་པའི་སྦྱོང་བརྡར་ལེགས་པོ་འཐོབ་ཀྱི་ཡོད་སྐོར་སོགས་བརྗོད་སོང་།
གསར་འགོད་པ། པདྨ་རྒྱལ།