བོད་སྤྱི་དོན་ཨེ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༠༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རང་བཙན་ཚོགས་འདུ་ཟེར་བ་ཞིག་ཚོགས་སོང་། ཚོགས་འདུ་དེ་འཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་བཀྲམས་མ་ཐག་བརྒྱུད་ལམ་ཁག་ནང་འུར་ཆིལ་ལེར་ཕྱིན་སོང་། ཚོགས་འདུ་ཚོགས་ལ་ཉེ་སྐབས་རྒྱ་གར་ཚོགས་བཅར་བ་འགའ་ལམ་ལ་ཆས་སྐབས་འུར་མགོ་སྔར་ལས་མཐོ་རུ་ཕྱིན་ཏེ། ད་ཐེངས་ཁྱེད་ཅག་གིས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་སྐྱོན་བརྗོད་མ་གནང་། བོད་པའི་སྤྱི་ཚོགས་མ་དཀྲུག་ཅེས་ཞུ་བ་འཐེན་མཁན་མང་པོ་འདུག་ལ། རེ་ཟུང་གིས་ཚོར་བ་དང་སྦྲགས་ཏེ་དོན་བརྣག་པོ་དང་ཚིག་སྡུག་པོ་བེད་སྤྱོད་གཏོང་མཁན་ཡང་མི་ཉུང་བ་ཞིག་བྱུང་སོང་།

རང་བཙན་ཚོགས་འདུ་དང་། རང་བཙན་ལྷན་ཚོགས་ཟེར་བ་འདི་རིགས་ཐོག་མ་ཉིས་སྟོང་བཅུ་ཡས་མས་ཤིག་ནས་མགོ་བཙུགས་སོང་། ཚོགས་པ་དང་ཚོགས་འདུ་འདི་རིགས་སྣེ་འཁྲིད་མཁན་དག་ཀྱང་བོད་པའི་སྤྱི་ཚོགས་ནང་ལབ་གླེང་དང་ལྟ་སྟངས་སྣ་ཚོགས་ཡོད་མཁན་ཚོ་རེད། ཁོ་ཚོས་རང་བཙན་ཚོགས་འདུའི་སྟེང་དང་ཕྱི་ལོགས་སོགས་སུ་བོད་གཞུང་ལ་རེ་བ་རྒྱག་ས་ལྷག་མ་སོང་ཟེར་བ་དང་། ༧གོང་ས་མཆོག་གིས་བོད་གཞུང་བསྡུ་གསོག་བརྒྱབ་སོང་ཟེར་བ་སོགས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་སྐྱོན་བརྗོད་དང་ཟུར་ཟ་སྣ་ཚོགས་བྱས་མྱོང་ཞིང་། དེ་ལ་༧གོང་ས་མཆོག་གིས་ཀྱང་ཐུགས་ཕམ་གྱི་བཀའ་སློབ་རིམ་པ་ཕེབས་ཡོད།

ཐེངས་འདིའི་ཚོགས་འདུ་དེའང་གདོང་མཆོངས་དང་སྡང་སེམས་ཤིག་གི་རྣམ་པས་ཚོགས་སོང་། ཚོགས་འདུ་ཚོགས་སྟངས་དང་གཏམ་བཤད་སྟངས་བྱེད་སྟངས། ཐ་ན་ཚོགས་བཅར་བ་ཚོས་གཞས་གཏོང་སྟངས་དང་བྲོ་འཁྲབ་སྟངས། བརྒྱུད་ལམ་ཁག་ཏུ་པར་དང་བརྙན་བཀྲམས་སྟངས་ཚུན་བོད་པ་རང་གི་སྤྱི་ཚོགས་ལ་ཁ་ཕྱོགས་པའི་ཞེ་སྡང་གི་ངོ་རྒོལ་ལྟ་བུ་ཞིག་ལས། དགྲ་ཕྱོགས་ལ་ཁ་གཏད་དེ་བོད་སྤྱི་དོན་ལ་དམིགས་པའི་འཐབ་རྩོད་གྱི་ལས་འགུལ་ཞིག་གི་རྣམ་པ་མི་འདུག་ལ། རླབས་ཆེ་བའི་བོད་རང་བཙན་གྱི་ཚོགས་འདུ་ཞིག་གི་ནང་དོན་དེ་ལས་ཀྱང་མཐོང་མ་སོང་།

ཐེངས་འདིའི་ཚོགས་ཐོག་ཏུ་གྲོས་ཆོད་དོན་ཚན་དྲུག་བཞག་ཡོད་པ་ལས་མང་ཆེ་བ་སྒྲིག་འཛུགས་ཀྱི་ཆེད་དུ་རེད། གྲོས་ཆོད་དོན་ཚན་གསུམ་པའི་ནང་། བོད་རང་བཙན་འཐབ་རྩོད་པ་རྣམས་ཕན་ཚུན་འབྲེལ་ལམ་རྒྱ་སྐྱེད་དང་། བདེན་རྒྱབ་བདེན་ལངས་ཀྱིས་གནོན་ཤུགས་ཅི་བྱུང་ལ་མཉམ་དུ་གདོང་ལེན། ཞེས་འཁོད་འདུག་པའི་ཚིག་ཟུར་ལས་རང་བཙན་རྩོད་མཁན་ཚོར་བོད་པའི་སྤྱི་ཚོགས་ནང་གནོན་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད་པ་དང་། དེ་ལ་མཉམ་རུབ་ཀྱིས་ཁ་གཏད་ལྕོག་རྒྱུ་ཡིན་ཟེར་བའི་འཇིགས་སྐུལ་གྱི་རྣམ་པའང་བསྟན་འདུག་མོད། བོད་རང་བཙན་ཟེར་བ་ཞིག་སྔར་བྱུང་མྱོང་མེད་ལ་མ་འོངས་པར་ཡང་འབྱུང་མི་སྲིད་ཟེར་མཁན་དེ་རྒྱ་ནག་གཞུང་རེད།

རང་བཙན་ཚོགས་འདུ་དེ་མགོ་བཙུགས་མ་ཐག་ནས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ “དགྲ་མེད་ས་དང་ཁ་གཏད་མེད་ས་ན་ཁ་ལ་ཤོང་ཚད་ཤོད་དང་། ཁུ་ཚུར་བསྡམས་ནས་ཤོད་དང་། མིག་ལོག་ཅེར་ནས། བརྣག་སེམས་གནོད་སེམས་ཀྱིས་རང་བཙན་སྒྲོག་དང་། ཅི་ཞིག་ལ་དམིགས་ཡོད། གང་ཞིག་གི་ཆེད་དུ་ཡིན་པ་སྒྲོག་མཁན་ཚོ་ལས་སྟོན་ཡོང་གིན་འདུག” ཅེས་པ་དང་། “༧གོང་ས་མཆོག་གི་གསུང་མི་བརྩི་ན། ཚོགས་འདུའི་དབུས་སུ་ཁོང་གི་སྐུ་པར་གཤམ་དོན་ཅི་ཡིན། འདི་དགོས་མཁོ་ཙམ་གྱི་ཆེད་མ་རེད་དམ། ” ཟེར་བ། “ཁོ་ཚོས་ཏཱ་ལའི་བླ་མའི་སྐུ་པར་བཤམ་ནས་ཏཱ་ལའི་བླ་མ་ལ་ཁ་བརྡུང་གཏོང་བ་འདི། ཏཱ་ལའི་བླ་མར་འཐབ་རྩོད་གཏོང་བའམ། མི་མེད་སར་པར་ལ་གཤེ་གཤེ་བཏང་སྟེ་སྙིང་ནད་རྩོད་པ་གང་རུང་ཞིག་ལས་མ་འདས།” བོད་ནང་གི་དྲ་ཚིགས་ཤིག་ཏུ་ “མིག་སྔར་ཨ་རིའི་ཉོའུ་ཡོག་ཏུ་བོད་སྒེར་བཙན་ཚོགས་འདུ་ཚོགས་པ་དེ་གཞུང་དང་དམངས་གཉིས་ཀས་གདེང་འཇོག་མི་བྱེད་པ་མ་ཟད། སྐྱེས་ཆེན་ལྷ་མོ་དོན་གྲུབ་ལའང་ཐུགས་མོས་མེད་པར་གྲགས།”ཞེས་འཁོད་འདུག་པ་འདི་དག་ཀྱང་མིག་གི་ཟུར་དང་རྣ་བའི་རྒྱབ་ཏུ་འདོར་ག་ལ་རུང་།

བསྐྱར་བཅོས།: ༢༠༡༦/༠༧/༡༣

Leave a Reply

One thought on “བོད་སྤྱི་དོན་ཨེ།

  1. འབོར་བློ་བཟང་།

    ཁོ་ཚོ་ནི་སྤྱི་དོན་བོར་ནས་རང་དོན་བྱེད་མཁན་དག་ལས་དོན་དམ་པར་རང་བཙན་རྩོད་
    མཁན་མ་ཡིན།
    ཁོ་ཚོ་ནི་རིག་གསར་ཀྱི་འཐབ་རྩོད་འདྲ་བོ་བྱེད་མཁན་དག་ལས་མི་རིགས་ཀྱི་འཐབ་རྩོད་
    བྱེད་མ་རེད།
    མདོར་བསྡུས་ན་རྙིང་གཏོར་བ་འགའ་རེད།