བོད་པའི་དགེ་སྒྲུབ་ཀྱི་མནོ་བསམ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༡༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

འདས་པའི་བདུན་ཕྲག་གཅིག་ལྷག་རིང་དྲ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེ་ཤོས་གཅིག་ནི། ཉེ་ལམ་བོད་ནང་གི་བུ་མོ་ལོ་ཆུང་སྒྲོལ་མ་དབྱངས་ཅན་ཞུ་བ་ཞིག་གིས་ཁ་ཆེ་ཚོང་པ་ཞིག་གི་ལག་ནས་རྒྱ་སྒོར་ས་ཡ་ལྔ་ཙམ་གྱིས་ལུག་དྲུག་སྟོང་ལྷག་ཉོས་ཏེ་ཚེ་ཐར་ལ་བཏང་བའི་གནས་ཚུལ་དེ་རེད། གནས་ཚུལ་འདི་ཐོག་མ་བོད་ལྭ་སྤུས་དག་གྱོན་ཞིང་ལག་ཏུ་དཔེ་ཆ་དང་ཕྲེང་བ་གཉིས་ཀ་བསྣམས་པའི་བུ་མོ་ལོ་ཆུང་ཞིག་གི་པར་དང་བཅས་བོད་རྒྱ་དབྱིན་གསུམ་ནང་སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་ནས་བསླེབས་སོང་། ལས་དོན་དེ་ཡག་པོ་རེད་ཟེར་མཁན་དང་། ཡག་པོ་མ་རེད་ཟེར་མཁན་ལྟ་ཚུལ་གཉིས་བྱུང་བ་དང་། ཕྱོགས་གཉིས་ཀར་ཆོས་དང་འཇིག་རྟེན་གཉིས་ཐད་ནས་ལུང་དང་རིགས་པའི་རྒྱུ་མཚན་མང་པོ་བགྲང་རྒྱུ་འདུག

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་ཏུའང་གནས་ཚུལ་འདི་སྤེལ་ཡོད་པའི་སྐད་ཆ་འདུག འདི་ལ་བསྟོད་བསྔགས་ཞུ་མཁན་ཚོས་ལས་དོན་དེ་དཀར་པོ་དགེ་བའི་ལས་རྒྱ་ཆེན་པོ་ཡིན་པ་དང་གཅིག ལྷག་པར་དུ་བུད་མེད་ལོ་ཆུང་སྒེར་བ་ཞིག་གིས་གཏོང་ཕོད་ཆེན་པོས་དུད་འགྲོ་ཉམ་ཆུང་མང་པོ་སྲོག་བླུས་པ་དེ་དགེ་སྒྲུབ་ཙམ་དུ་མ་ཟད། མི་གཞན་པར་མིག་དཔེ་བཟང་པོ་སྟོན་ཐུབ་པའི་བསླབ་བྱ་རྩ་ཆེན་ཞིག་ཡིན་པ་དང་གཉིས། མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་བོད་མིའི་སྙིང་རྗེའི་བཟང་སྤྱོད་སྟོན་ཐུབ་པ་དང་གསུམ་གྱི་ཐོག་ནས་བསྔཊ་བརྗོད་བྱེད་བཞིན་འདུག སྲོག་བླུའི་སྦྱིན་བདག་མ་དེར་བྱང་ཆུབ་སེམས་མ་དང་། མཁའ་འགྲོ་མ་ཟེར་བ་སོཊ་ཀྱི་མཚན་དང་ཆོ་ལོ་ཡང་འདོག་གི་འདུག

འདི་ལ་སྐྱོན་བརྗོད་བྱེད་མཁན་ཚོས་ལས་དོན་དེ་རྣམ་དཔྱོད་དང་ལྡན་པའི་དགེ་བའི་ལས་སྒྲུབ་སྟངས་ཤིག་མ་རེད། བོད་མིའི་དངུལ་འབོར་ཆེན་པོ་དེ་ཙམ་ཞིག་རྒྱ་ཁ་ཆེ་ཞིག་གི་ལག་ཏུ་སྤྲད་པ་དང་གཅིག ཁ་ཆེ་དེས་ལུག་གི་མ་རྩ་དང་ཁེ་བཟང་བསྡོམས་ཏེ་བསྐྱར་དུ་ལུག་ཁྲི་ལྷག་ཉོས་ནས་བཤས་རྭར་བཙོང་ངེས་ཡིན་པ་དང་གཉིས། ལུག་ཁྱུ་མང་པོ་ནས་བསྡུས་བའི་ལུག་དེ་རྣམས་སུ་ཞིག་གིས་འགན་འཁུར་རྒྱུ་དང་རྩྭ་ས་གང་ཞིག་ཏུ་འཚོ་སྐྱོང་བྱ་རྒྱུ་དང་གསུམ་གྱི་ཐོག་ནས་སྐྱོན་བརྗོད་བྱེད་བཞིན་འདུག གླེན་པ་ལུག་གི་ཚེ་ཐར་དང་གཞན་རྒྱུ་སྒེར་སྤྱོད་བྱས་པ་སོགས་ཀྱི་ཟུར་ཟ་ཡང་བྱེད་ཀྱིན་འདུག

ལས་ཀ་དེ་བུ་མོ་སྒྲོལ་མ་གཅིག་པོའི་མིན་པར་གངས་ལྗངས་སྲོག་བླུ་ཚོགས་པ་ཟེར་བ་ཞིག་གི་ཡིན་པའི་གནས་ཚུལ་ཞིག་ཀྱང་འདུག་མོད། བརྒྱུད་ལམ་ཁག་གི་རྩོད་གཞི་གཙོ་བོ་སུ་ཞིག་གིས་བྱས་པ་མིན་པར་ཅི་ཞིག་བྱས་པ་དེ་རེད། ངས་འདི་ནས་བོད་པའི་ཆོས་དང་འབྲེལ་བའི་བྱེད་སྒོ་ཁག་ཅིག་ཞུ་རྒྱུ་ཡིན། ལ་དྭགས་བྱང་ཐང་བོད་པའི་གཞིས་ཆགས་ཁག་གི་འཚོ་ཐབས་གཙོ་བོ་འབྲོག་ལས་རེད། ཁྱིམ་ཚང་མང་ཆེ་བར་ར་ལུག་སུམ་བརྒྱ་བཞི་བརྒྱ་འདུག ཁྱིམ་ཚང་རེ་གཉིས་མ་གཏོགས་ར་ལུག་ ‘ཤན་ཚོང་’ ལ་བཙོང་མཁན་མི་འདུག མང་ཆེ་བས་རིན་གོང་ཐོག་གྱོང་ཕོག་གི་ཡོད་ཀྱང་སོ་སོས་བཤས་ཏེ་ཁྲོམ་ལ་བཙོང་གི་འདུག ཤན་ཚོང་ལ་བཙོང་བའི་ཁེ་བཟང་གིས་ཡང་བསྐྱར་ར་ལུག་སྔར་ལས་མང་བ་ཉོས་ཏེ་བཤས་རྭར་དེད་ན་སྡིག་པ་བརྒྱ་འགྱུར་རེད་ཟེར།

གནས་ཚུལ་གཉིས་པ་དེ་སྔོན་ཆད་ཚན་རིག་པ་ཞིག་གིས་བོད་མི་ཚོས་ཉ་སྲོག་བླུ་ཚེ་ཐར་གཏོང་བཞིན་པ་དེས་ཁོར་ཡུག་ལ་གནོད་སྐྱོན་བཟོ་བཞིན་ཡོད་པའི་བསམ་ཚུལ་བཏོན་ཡོད། རྒྱུག་ཆུའི་ནང་གི་ཉ་རིགས་མཚོ་དང་མཚེའུ་རིགས་ཀྱི་འཁྱིལ་ཆུའི་ནང་འཚོ་མི་ཐུབ་པ་དང་། འཁྱིལ་ཆུའི་ནང་གི་ཉ་རིགས་རྒྱུག་ཆུའི་ནང་འཚོ་མི་ཐུབ་སྟབས། བོད་མི་ཚོས་ཉ་མང་པོ་ཉོས་ཏེ་གང་བྱུང་ཚེ་ཐར་བཏང་ན་ཉ་རྣམས་ཤི་འགྲོ་བ་མ་ཟད། ནད་དུག་གིས་ཉ་རིགས་གཞན་གྱི་ཚེ་སྲོག་འཕྲོག་པ་དང་རིགས་རྒྱུད་མི་མཐུན་པ་རྣམས་རྩ་སྟོང་དུ་འགྲོ་སྲིད་པ་སོགས་ཀྱི་ཉེན་ཁ་ཡོད་ཚུལ་བགྲང་ཡོད།

ལོ་ཤས་གོང་དྷ་རམ་ས་ལའི་རྒྱ་གར་ཁོར་ཡུག་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་ཏེ། བོད་པ་ཚོས་རི་སྒང་བྲག་ངོས་དང་། ཤིང་ནགས་སོགས་སུ་དར་ལྕོག་འཐེན་པ་དང་རླུང་རྟ་གཏོར་བ་སོགས་ཀྱིས་ཁོར་ཡུག་སྦག་བཙོག་བཟོ་བཞིན་ཡོད་སྟབས་མ་འོངས་པར་དེ་རིགས་བྱེད་མི་ཆོག་ཟེར། ཉེ་ལམ་བོད་མི་ཚོས་མཚོ་པདྨའི་ནང་ཉ་ལ་སྦྱིན་པ་གཏོང་རྒྱུ་མང་དྲགས་པའམ་ཟས་དུག་གང་རུང་གིས་ཉ་འབོར་ཆེན་ཤི་བའི་གནས་ཚུལ་བྱུང་ཡོད། ང་ཚོས་གོང་གི་གནས་ཚུལ་དེ་དག་ལ་གཞིགས་ཏེ། ད་ལྟའི་མི་ཆོས་རིང་ལུགས་ཀྱི་དུས་རབས་དང་ལྷག་པར་དུ་བརྡ་འཕྲིན་གསར་བརྗེའི་དུས་རབས་ནང་། ང་ཚོའི་བྱམས་བརྩེ་སྙིང་རྗེ་དང་སེམས་བཟང་དགེ་སྒྲུབ་སོགས་ཀྱི་ལས་དོན་དག་ལའང་བསྐྱར་ཞིབ་ཅིག་གམ། མནོ་བསམ་ནན་ཏན་མི་གཏོང་ཐབས་མེད་ཆགས་ཡོད།

བསྐྱར་བཅོས།: ༢༠༡༦/༠༩/༠༩

Leave a Reply