དགེ་བཤེས་མར་ཕྱག་ཁྱེར་འབུལ་བཞེས་མཛད་སྒོའི་སྟེང་༧གོང་ས་མཆོག་གིས་ཞྭ་སེར་དང་ཞྭ་དམར་ཟེར་བ་སོགས་ཞྭ་མོའི་ཁ་དོག་ཤོད་ཀྱི་ཡོད་པ་དེ་སངས་རྒྱས་པའི་ཆོས་ཞྭ་མོའི་སྟེང་ན་ཡོད་པ་འདྲ་བོ་ཞིག་སྟོན་གྱི་འདུག་ཀྱང་། བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཡོ་བྱད་བཅུ་གསུམ་ཞེས་འཚོ་བའི་ཡོ་བྱད་བཅུ་གསུམ་གསུངས་པའི་ནང་དུ་ཞྭ་མོ་ཡོད་པ་མ་རེད་ཞེས་གསུངས་འདུག
ཁ་སང་ཕྱི་ཚེས་ ༢༢ ཉིན། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་བླ་སྤྱི་རུ། བོད་མིའི་འདུ་ཕྱིའི་སྐྱབས་མགོན་༧གོང་ས་མཆོག་གིས། གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་མཚན་རྟགས་ཕྱག་ཁྱེར་གནང་ཡོད་པ་རེད།
དགེ་བཤེས་མའི་ཕྱག་ཁྱེར་སྤྲོད་བཞེས་ཀྱི་མཛད་སྒོའི་སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག དགའ་ལྡན་ཁྲི་བ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། འབྲས་སྤུངས་ཁྲི་བ། གྲྭ་ཚང་ཁག་གི་མཁན་པོ་དང་བླ་སྤྲུལ། དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་འགྲུབ་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག གཞན། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་ལྷོ་སྤྱི། ལྷོ་ཕྱོགས་གཞིས་ཆགས་ཁག་གི་ས་གནས་མགོ་འཛིན་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ས་གནས་ཀྱི་སྐྱ་སེར་མི་མང་བཅས་འཛོམས་ཡོད་འདུག
སྐབས་དེར་དགའ་ལྡན་ཁྲི་པ་མཆོག་གིས། དེ་སྔ་ཕྱི་ལོ་ ༡༩༥༩ གོང་བོད་ནང་དགེ་བཤེས་མ་ཞེས་པ་གོ་རྒྱུ་མེད་པ་དང་། དེ་ནས་ང་ཚོ་བཙན་བྱོལ་ལ་གྱར་རྗེས་མིའི་ལུང་པར་དགེ་བཤེས་མ་ཐོན་ཐུབ་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་དུས་རྟག་ཏུ་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་། དེ་བཞིན་དགེ་བཤེས་མ་རྣམས་ནས་གཞུང་འཁྲིད་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ། ཕྱོགས་མཚུངས་འཇང་དགུན་ཆོས་ཆེན་མོར་བཅར་བའི་བཙུན་མ་རྣམས་ལ་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་གསུངས།
༧གོང་ས་མཆོག་གིས་བཀའ་གནང་དོན། དེ་རིང་འདིར་བཙུན་མའི་ཁོངས་ནས་དགེ་བཤེས་མ་ཐོན་དང་པོའི་ལག་ཁྱེར་འབུལ་རྒྱུ་ནི་ཕལ་ཆེར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་རེད། ཅེས་བརྗོད་ཆོག དུས་ཚོད་འདིར་ཆེད་དུ་གཉེར་ནས་གདན་ཞུ་དང་འབྲེལ་ནས་ཕེབས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་ལས་ཟུར་རྣམ་པ་གཉིས། དེ་བཞིན། བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཁག ཆོས་གྲོགས་ཕོ་མོ་ལྷན་རྒྱས་འདུས་པའི་དབུས་སུ་ཞུ་རྒྱུར། དང་པོ་དེར་ཁ་སང་སྐད་ཆ་བྱུང་བ་ལྟར་ཨ་ནེ་དགེ་བཤེས་མ་ཟེར་དུས་ཏོག་ཙམ་གོ་མི་བདེ་བ་ལྟ་བུ་བྱུང་བ་རེད། གཙོ་ཆེ་བ་ཁྱེད་རང་ཚོས་ཨུ་ཚུགས་བརྒྱབ་སྟེ་སློབ་གཉེར་བརྒྱབ་ཡོད། བར་སྐབས་དྷ་ས་དང་ས་གནས་འདིར་ཁྱེད་རང་ཚོས་རྟགས་གསལ་བཏང་བ་སྔ་རྗེས་ཚར་འགའ་ཤས་མཐོང་བ་རེད། ཧ་ཅང་ཡག་པོ་འདུག འདི་ལྟར་བྱས་ནས་ལོ་ནས་ལོ་བསྟུད་མར་དཔེ་ཆ་བལྟས་ཨུ་ཚུགས་བརྒྱབ་ནས་གོང་དུ་ངོ་སྤྲོད་གནང་བཤད་པ་ནང་བཞིན་རེད། ཁྱེད་རང་ཚོའི་རྒྱུགས་སྤྲོད་ཀྱི་བརྒྱ་ཆ་ཚད་མཐོ་བོ་ལོན་ནས་དེ་རིང་དགེ་བཤེས་མའི་མིང་རྟགས་དང་འབྲེལ་བའི་ཐོག་ནས་ལག་འཁྱེར་འབུལ་རྒྱུ་བྱུང་བ་རེད། ཐོག་མ་དེར་ཁྱེད་རང་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་གཏན་ལ་ཕབ་པའི་གཞུང་དེ་དག སྤྱིར་ང་ཚོར་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་ནང་ཆོས་ཕྱོགས་ཀྱི་སྡེ་ཚན་འདི་དུས་ཕྱིས་ཀྱི་ཁམས་ཕྱོགས་ནས་གཉན་མགོན་གསུང་རབ་པ། ཞེས་ཧ་ཅང་གི་མཁས་པ་ཆེན་པོ་ཞིག་བྱུང་ཡོད། ཁོང་གིས་བསྟན་པ་སྤྱི་མཚན། གང་ཟག་སྒོས་མཚན། ཞེས་དབྱེ་བ་འབྱེད་རྒྱུ་འདི་ངོས་ཀྱིས་ཧ་ཅང་འཇུག་པོ་ཞིག་མཐོང་བྱུང་།
བར་སྐབས་ཞིབ་འཇུག་བྱེད་སྐབས། བཅོམ་ལྡན་འདས་ཀྱི་བདེན་བཞིའི་མདོ་དང་དེ་ལ་སོགས་པ་འདུལ་བའི་སྐོར། ཤེར་ཕྱིན་གྱི་མདོ་ལ་སོགས་པ་རྣམས་བསྟན་པ་སྤྱི་མཚན་རེད་འདུག དེའི་དགོངས་འགྲེལ་བྱམས་ཆོས་སྡེ་ལྔ་དང་རིག་ཚོགས་དྲུག་ལ་སོགས་པའི་གཞུང་དེ་དག་བསྟན་པ་སྤྱི་མཚན་རེད། བོད་གངས་ཅན་གྱི་ལྗོངས་སུ་ཆ་བཞག་པ་ཡིན་ནའང་ས་དགེ་བཀའ་རྙིང་རིས་སུ་མ་ཕྱེ་བ་ཚང་མས་གཞུང་ཆེན་བཅུ་གསུམ་གཟིགས་རྒྱུ། དཔེར་ན། ས་སྐྱར་མཚོན་ན་གྲགས་ཅན་བཅོ་བརྒྱད་ཀྱི་གཞུང་གཟིགས་རྒྱུ་དང་། དཔལ་ཡུལ་ཕལ་ཆེར་ཡིན་པ་ཡོད། གཞུང་ཉེར་ལྔ་ཞིག་གཟིགས་བཞིན་ཡོད། གང་ལྟར་ས་དགེ་བཀའ་རྙིང་ཚང་མར་ཁྱབ་ཐུབ་པ་ཞིག་ཆགས་འདུག འདི་བསྟན་པ་སྤྱི་མཚན་རེད་འདུག རྒྱུད་སྡེ་ཁག་དེ་དག་གང་ཟག་སྒོས་མཚན་རེད་འདུག ཐོག་མར་བཅོམ་ལྡན་འདས་ཀྱིས་གསུང་སྐབས་བྱ་རྒྱུད་ཀྱི་རྒྱུད་སྡེ་འགའ་ཤས་བཅོམ་ལྡན་འདས་དགེ་སློང་གི་རྣམ་པ་དེ་གའི་ཐོག་ནས་གསུངས་པ་འགའ་ཤས་ཡོད། གཞན་ཚང་མ་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་བཞེངས་ནས་མར་གསུངས་པ་ཞིག་ཡིན། གསུངས་སའི་ཡུལ་དེའང་གང་ཟག་བྱེ་བྲག་པ་ཞིག་ལ་གསུངས་པ་ཞིག་རེད་འདུག དེར་བརྟེན་ནམ་རྒྱུན་ང་ཚོས་གཞུང་འཆད་སྐབས་རྒྱུད་སྡེ་དེ་དག་གང་ཟག་བྱེ་བྲག་པ་ཞིག་ནས་མར་བརྒྱུད་པ་ཞིག་དང་། རྩ་བ་རྒྱ་ཆེ་བ་དང་ཟབ་མོའི་ལམ་གྱི་རིམ་པ་དེ་དག་སློབ་དཔོན་གཅིག་ནས་གཅིག་ལ་བརྒྱུད་ནས་ཡོང་བ་ཡོད་ཀྱང་སྤྱི་ཡུག་ལྟ་བུ་སྤྱི་ཁྱབ་བྱས་ནས་འགྲོ་རྒྱུ་ཞིག་རེད་འདུག དེར་བརྟེན། འཛམ་གླིང་འདིའི་སྒང་ལ་སྔ་མོ་ཡིན་ནའང་བསྟན་པ་སྤྱི་མཚན་གྱི་གཞུང་དེ་དག་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་གཙོ་བོ་ཆགས་ཡོད།
ད་ལྟའི་དུས་སྐབས་སུ་ཆ་བཞག་ནའང་འཛམ་གླིང་འདིའི་སྟེང་སངས་རྒྱས་པའི་ཆོས་ཚུལ་སྤྱི་དང་། ལྷག་པར་དུ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་གཏན་ལ་ཕབ་པའི་གཞུང་གི་ནང་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་རྒྱུ་དང་ནུས་པ་འདོན་ས་དེ་ཕྱོགས་གཅིག་ནས་ཚན་རིག་གི་སྡེ་ཚན་དང་། ལྟ་གྲུབ་ཀྱི་སྡེ་ཚན། དེ་ནས་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་བསྟན་པ་སྤྱི་མཚན་བྱས་ནས་གསུངས་པ་དེ་དག་གཙོ་བོ་རེད་འདུག གང་ཟག་སྒོས་མཚན་བྱེད་རྒྱུ་དེ་གང་ཟག་སོ་སོའི་ལྷག་པའི་ལྷ་ལྟ་བུ་ཟུར་དུ་བྱས་ནས་དེ་སྔ་བོད་ཀྱི་སྔ་འགྱུར་རྙིང་མ། སྔ་འགྱུར་དང་གསར་མ་ཞེས་པ་དུས་ཚོད་ཀྱི་ཆ་ནས་བཤད་པ་རེད། གཞན་སྤྱི་ཡོངས་ཀྱི་དཔེར་ན། རྫོགས་ཆེན་པ། ཞེས་བརྗོད་པ་ཡིན་ན་རྫོགས་པ་ཆེན་པོའི་ལྟ་གྲུབ་དང་འབྲེལ་ནས་ཐོན་བཞིན་ཡོད། ཕྱག་བརྒྱ་ཆེན་པོའང་དེ་རང་རེད། ས་སྐྱ་ལམ་འབྲས་བཤད་པ་ལམ་འབྲས་ཚོགས་བཤད་ཞེས་གང་ལྟར་ལམ་འབྲས་གསུང་སྐབས་གཙོ་བོ་ཀྱེ་རྡོར་དང་འབྲེལ་ནས་གསུང་བཞིན་ཡོད། བཀའ་བརྒྱུད་ཀྱི་ཕྱག་ཆེན་ཕལ་ཆེར་ཀྱེ་རྡོར་དང་ཕག་མོ་དང་། བདེ་མཆོག་དང་བཅས་གཙོ་བོ་བྱས་ནས་འབྲེལ་ཞིང་ཡོང་། དགེ་ལུགས་ལ་མཚོན་ནའང་རྗེ་ཡབ་སྲས་ཀྱི་གསུང་གི་ནང་གི་རྒྱུད་སྡེའི་སྐོར་དེ་དག་རྒྱུད་སྡེ་མི་འདྲ་བ་དེ་འདྲའི་ཐོག་ནས་ཉམས་ལེན་བྱེད་མཁན་ཞིག་ཡིན་ནའང་སོ་སོ་སོ་སོའི་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་ལྷག་པའི་ལྷ་གཅིག་དང་འབྲེལ་ནས་འགྲོ་སྡོད་རྒྱུ་ཞིག་ཡོང་བཞིན་ཡོད།
བསྟན་པ་སྤྱི་མཚན་ཟེར་བ་དེ་དག་ས་དགེ་བཀའ་རྙིང་གི་དབྱེ་བ་གང་ཡང་མེད་པར་ཚང་མར་ཁྱབ་ནས་ཡོད། དེར་བརྟེན་ངོས་ཀྱིས་ནཱ་ལེནྡྲའི་ཆོ་ས་བརྒྱུད་ཅེས་ཨུ་ཚུགས་བརྒྱབ་ནས་ཤོད་རྒྱུ་འདི་དེ་སྔ་ང་ཚོ་བོད་པའི་ཆོས་ལ་ནུབ་ཕྱོགས་པ་དོ་སྣང་བྱེད་མཁན་འགའ་ཤས་ཀྱིས་བོད་ཀྱི་ཆོས་འདི་བླ་མའི་ཆོས་རེད། ཅེས་བརྗོད་ཀྱི་ཡོད། ང་ཚོས་ཀྱང་བླ་མའི་ཆོས་ཡིན་པའི་དག་སྐྱེལ་བྱས་པ་ལྟ་བུ་ཧ་ལམ་ཆགས་བཞིན་ཡོད། སངས་རྒྱས་པའི་ཆོས་ཞྭ་མོའི་སྒང་ལ་ཡོད་པ་ལྟ་བུ་བྱས་ནས་ཞྭ་མོ་ཚོན་མདོག་དམར་པོ་དང་སེར་པོ། ནག་པོ། དེ་ནས་བོན་ཞྭ་དཀར་ཞེས་ལབ་པ་རེད། དཀར་པོ་བྱས་ནས་ཡོད། ཞྭ་སེར་ཟེར་སྐབས་ཞྭ་མོའི་ཚོས་གཞིའི་ཐོག་ནས་ཤོད་ཀྱི་ཡོད། ཞྭ་དམར་བརྗོད་སྐབས་ཞྭ་མོའི་ཐོག་ནས་ཤོད་བཞིན་ཡོད། ང་ཚོས་ཞྭ་མོར་ཧ་ཅང་རྩ་བ་ཆེན་པོ་བརྩི་བཞིན་པ་དེར་བལྟ་བ་ཡིན་ན་མགོན་པོ་ཀླུ་སྒྲུབ་ལའང་དབུ་ཞྭ་ཞིག་སྒྲོན་དགོས་པ་འདུག དེ་ནས་ཡར་ཕྱིན་ནས་སྟོན་པ་བཅོམ་ལྡན་འདས་ལའང་དབུ་ཞྭ་ཞིག་སྒྲོན་དགོས་པ་ལྟ་བུ་རེད་འདུག བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཡོ་བྱད་བཅུ་གསུམ་ཞེས་འཚོ་བའི་ཡོ་བྱད་བཅུ་གསུམ་གསུངས་པའི་ནང་ཞྭ་མོ་མེད། ཅེས་སོགས་གསུངས་ཡོད་པ་བོད་མིའི་སྒྲིག་འདུགས་ཀྱི་དྲ་བར་འཁོད་འདུག
༧གོང་ས་མཆོག་གིས་བཀའ་སློབ་རིམ་བསྩལ་གཙིགས་ཆེར་བཟུང་ནས་ལོ་ནས་ལོ་བསྟུད་བཙུན་མ་རྣམས་ཀྱིས་ནང་དོན་རིག་པར་སློབ་སྦྱོང་ཧུར་ཐག་གནང་འབྲས་དགེ་བཤེས་མའི་རྒྱུགས་ཚད་ལོན་ནས་ཕྱག་ཁྱེར་ཐོབ་པར་བཀྲིས་བདེ་ལེགས་ཡོད།