རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་ལ་གོ་སྒྲིག་གནང་སྟངས་འདི་འདྲ་རེད།

གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོ་བཞི་པ་གནང་རྒྱུར་བདུན་ཕྲག་གཅིག་ལས་མེད་པ་དང་། ད་ལྟའི་ཆར་ཆོས་ཞུ་བ་དེ་ཙམ་མང་པོ་བསླེབས་མི་འདུག་ཀྱང་། དེ་རིང་ཁ་སང་ཕྱོགས་མཐའ་ཁག་ནས་ཆོས་ཞུ་བ་མང་པོ་འབྱོར་བཞིན་འདུག་ལ། གསུང་ཆོས་ར་བ་དང་ཆོས་ཞུ་བའི་སྡོད་གུར་སོགས་གྲ་སྒྲིག་ཆེ་ཁག་མང་ཆེ་བ་གྲུབ་འདུག

IMG_4413འདི་གའི་གསར་འགོད་པས་དུས་འཁོར་དབང་ཆེན་ཐེངས་སོ་བཞི་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་དུས་དབང་གི་གསུང་ཆོས་ར་དང་ཆོས་ཞུ་བའི་སྡོད་གུར། བདེ་འཇགས་སྲུང་སྐྱོབ་སོགས་གྲ་སྒྲིག་གི་གནས་སྟངས་ག་འདྲ་ཆགས་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། དེ་རིང་ཆ་ཚང་ལ་བསྐོར་བ་ཞིག་བརྒྱབ་པ་ཡིན་ལ། ཚང་མ་དཔེ་ཡག་པོ་ཆགས་འདུག མི་མང་གི་བཞུགས་གནས་གྲ་སྒྲིག་བྱེད་པ་དེ་ད་དུང་ཚར་ཡོད་པ་མ་རེད་བསམ་སོང་ཡང་གྲ་སྒྲིག་ཞེ་དྲགས་ཡག་པོ་གནང་ཚར་འདུག སྔོན་མ་ཡིན་ན་མངའ་སྡེ་གཞུང་ནས་ཆུ་དང་གློག་དེ་ཚོ་གྲ་སྒྲིག་གནང་རྒྱུ་དཔེ་ཁག་པོ་ཡོད་ཀྱང་། ད་ལོར་སྔ་ས་ནས་ཆུ་དང་གློག་བསླེབས་ཚར་ཡོད་པ་དང་། སང་ཉིན་གསང་སྤྱོད་རྣམས་ཚུར་རྩིས་སྤྲོད་རྒྱུ་རེད་འདུག གསུང་ཆོས་ར་བ་བཀོད་སྒྲིག་སོགས་ཆེ་སའི་གནས་ཚུལ་ཚང་མ་གྲ་སྒྲིག་ཡག་པོ་ཚར་འདུག

ཁ་སང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དངོས་སུ་ཕེབས་ཏེ་སྲུང་སྐྱོབ་དང་འབྲེལ་བའི་བཀའ་མངག་ཁ་ཤས་ཤིག་ཕེབས་པ་ལྟར་དེ་ཚོ་ད་ལྟ་གྲ་སྒྲིག་བྱེད་བཞིན་པ་རེད་འདུག སྤྱི་ཡོངས་ནས་གྲ་སྒྲིག་ཚང་མ་ཡག་ཐག་ཆོད་ཅིག་དང་འདོད་པ་ཁེངས་པ་འདྲ་པོ་བྱུང་། ཡིན་ནའང་། ད་དུང་བདུན་ཕྲག་གཅིག་ནང་ལོགས་ལ་དགེ་འདུན་པ་མང་པོས་སྤྱི་པའི་ཞབས་རིམ་སྒྲུབ་པ་དང་རིས་མེད་སྨོན་ལམ་འཚོགས་རྒྱུ་དང་། དེ་བཞིན། ཆོས་ཞུ་བའི་ལག་ཁྱེར་བཟོ་བ་སོགས་ཀྱི་ལས་ཀ་མང་པོ་ཞིག་ཡོད་པ་རེད། ཅེས་གསུངས་བྱུང་།

ཉེ་སྔོན་སྲིད་སྐྱོང་མཆོག་ནས་དངོས་སུ་རྒྱ་གར་དབུས་གཞུང་ལ་འབོད་སྐུལ་ཞུས་ཡོད་པ་ལྟར། རྡོར་གདན་ཁུལ་དུ་དངུལ་བརྗེ་འདོན་ཐད་དམིགས་བསལ་གྱི་གཟིགས་སྐྱོང་བཀོད་སྒྲིག་དེ་འདྲ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། དབུས་ནས་ས་གནས་ལ་བཀའ་གཏོང་བའི་རིམ་པ་དེ་ཕལ་ཆེར་འགྲིག་བསྡད་ཡོད་པ་རེད། འོན་ཀྱང་།  བཀའ་གཅིག་པུ་བཏང་བས་མི་འགྲིག་པར་བཀའ་བཏང་བ་ནང་བཞིན་དངུལ་ལག་པར་ཡོད་དགོས་པ་རེད། དེང་སང་དངུལ་ཁང་ཚོས་དོན་དག་དམིགས་བསལ་ཞིག་གི་ཆེད་དུ་ཁོ་རང་ཚོའི་སྐལ་པ་དེ་རྡོག་རྡོག་བྱས་ནས་གཞན་ལ་སྤྲོད་རོགས་བྱེད་ཀྱི་མ་རེད། ཉིན་རེ་རེར་ག་ཚོད་སྤྲོད་ཆོག་དང་མི་ཆོག་ཁྲིམས་སྒྲིག་གཞི་བཟོས་བཞག་ཡོད་པ་རེད། ང་ཚོས་རྡོར་གདན་དུ་དངུལ་འདོན་འཕྲུལ་ཆས་ཁང་(ATM)མང་པོ་བཙུགས་དགོས་པ་དང་། ཕྱི་རྒྱལ་ནས་ཡོང་མཁན་ཚོར་ཕྱི་རྒྱལ་གྱི་དངུལ་བརྗེ་བའི་ཚད་གཞི་ལས་ལྡབ་གཅིག་དམིགས་བསལ་གྱིས་བརྗེ་ཆོག་པ་དགོས་པ་སོགས་ཀྱི་བཀའ་འཁྲོལ་མང་པོ་ཞུས་ཡོད་པ་ལྟར། རྒྱ་གར་དབུས་གཞུང་ནས་ཚང་མ་ངོས་བཞེས་གནང་ཡོད་ཀྱང་། དེ་ཚོ་དོན་ལ་སྨིན་ཐུབ་མིན་དེར་ད་དུང་བདུན་ཕྲག་གཅིག་གི་དུས་ཚོད་ཡོད་པ་རེད།  ཅེས་དང་། རྒྱལ་གར་རྒྱལ་ཡོངས་ནང་དངུལ་གྱི་ཐོག་དཀའ་ངལ་འཕྲད་བསྡད་ཡོད་སྟབས། ང་ཚོས་ཀྱང་བཟོད་སྒོམ་ཏོག་ཙམ་བྱས་པ་ཡིན་ན་རིམ་གྱིས་དཀའ་ངལ་རྣམས་སེལ་འགྲོ་བ་ཞིག་ཡིན་ལ། དུས་དབང་ཆེད་ཞལ་འདེབས་འབུལ་མཁན་ཚོར་དངུལ་བྱང་བརྡར་ས་(Swipe machine)མང་ཙམ་གྲ་སྒྲིག་གནང་བཞིན་ཡོད་སྐོར་གསུངས་སོང་།

ད་ལྟའི་ཆར་ཕྱོགས་མཐའ་ཁག་ནས་ཆོས་ཞུ་བ་མང་པོ་རྡོར་གདན་དུ་འབྱོར་བཞིན་ཡོད་པ་དང་། གསུང་ཆོས་སྐབས་ཆོས་ཞུ་བ་རྣམས་པས་ཐུགས་གཟབ་དགོས་པའི་འབོད་སྐུལ་ཅི་ཡོད་ཞུས་པར། སྤྱིའི་ཆ་ནས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་འཇོན་ཚོད་དཔག་ཚོད་ཀྱིས་བདེ་འཇགས་སྲུང་སྐྱོབ་ཐད་འགན་འཁུར་གནང་གི་ཡོད་པ་དང་། དེ་མིན་རྣམས་འབོད་སྐུལ་རིམ་པ་ཞུས་པ་ལྟར་རྒྱ་གར་མངའ་སྡེ་གཞུང་ནས་སྲུང་སྐྱོབ་གནང་གི་ཡོད་ཀྱང་། ཆོས་ཞུ་བ་མི་རེ་ངོས་རེ་ནས་སྐོར་སྲུང་བ་འདྲ་བོ་ཞིག་བྱས་ཏེ་སྲུང་སྐྱོབ་ཐོག་འགན་ཏོག་ཙམ་འཁུར་ཐུབ་པ་ཡིན་ན་ཧ་ལས་པའི་ཕན་ཐོགས་ཆེན་པོ་ཡོད་སྟབས། ག་དུས་ཡིན་ནའང་རྫི་གསང་དོད་པོ་བྱས་ཏེ་དོགས་གཞི་ཅན་དེ་འདྲ་མཐོང་ན་འབྲེལ་ཡོད་ལ་ཞུས་ཚེ། གནད་དོན་སྔོན་འགོག་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་པ་རེད། དེ་བཞིན། དུས་དབང་སྐབས་ཚང་མས་དཀར་སྐྱོང་གནང་རོགས་ཟེར་ནས་འབོད་སྐུལ་ཞུ་ཡི་ཡོད་པ་ལྟར། དུས་དབང་སྐབས་དཀར་སྐྱོང་གནང་ཐུབ་ན་གཡས་གཡོན་གྱི་སེམས་ཅན་ཚོའི་སྲོག་གཅོད་མི་དགོས་པས་རྣམ་དཀར་གྱི་དགེ་བ་ཆེན་པོ་ཞིག་ཡོང་གི་སྟབས། ཉོ་མཁན་ཁོ་ན་མ་ཡིན་པར་ཟ་ཁང་འཛིན་མཁན་ཚོས་ཀྱང་དུས་དབང་སྐབས་དཀར་ཟས་བཙོང་གནང་ཐུབ་ན་ཡག་པོ་ཡོད་པ་རེད། ཅེས་སོག་གསུངས་སོང་།

གསར་འགོད་པ་པདྨ་མཚོས་གནས་མཆོག་རྡོ་རྗེ་གདན་ནས་སྤེལ།

2 3 4 5 6JPG 7jpg 8 9 11 12 13 14 15 16 18
kalon-1

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply