ཚེ་མགོན་རྒྱལ་གྱིས་བཀག་བསྐྱིལ་ཁང་ན་ངག་བཅད་ངོ་རྒོལ་བྱས་འདུག

ཉེ་ལམ་འཛིན་བཟུང་བྱས་པའི་ཚེ་མགོན་རྒྱལ་ལགས་ཀྱིས་མཚོ་སྔོན་རྐང་ཚ་རྫོང་སྤྱི་བདེ་བཀག་ཉར་ཁང་གི་འདྲི་གཅོད་ལ་ངག་བཅད་ངོ་རྒོལ་བྱེད་བཞིན་ཡོད་འདུག

Screen Shot 2016-12-29 at 4.47.42 PMདེ་རིང་འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་མཚོ་བྱང་ཁུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་མདའ་བཞི་ནས་འཛིན་བཟུང་བྱས་ཏེ། རྐང་ཚ་རྫོང་སྤྱི་བདེ་ལས་ཁུངས་བཀག་བསྐྱིལ་ཁང་དུ་བཀག་ཉར་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྐང་ཚ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཁོང་གི་ནང་མིར་ཡི་གེ་ཞིག་སྤྲད་དེ། ཚེ་མགོན་རྒྱལ་གྱིས་རྒྱལ་ཁབ་ཁ་བྲལ་བར་ངན་སྐུལ་བྱས་པའི་ནག་ཉེས་འོག་ཁོ་རང་དངོས་སུ་བཀག་བསྐྱིལ་བྱས་པ་ཡིན་ཚུལ་བརྗོད་ཡོད་འདུག

ད་ཆར་ཚེ་མགོན་རྒྱལ་ལགས་ཀྱིས་རྐང་ཚ་རྫོང་སྤྱི་བདེ་ལས་ཁུངས་བཀག་བསྐྱིལ་ཁང་གི་འདྲི་གཅོད་ལ་ངག་བཅད་ངོ་རྒོལ་བྱེད་ཀྱིན་ཡོད་པ་དང་། བཀག་བསྐྱིལ་ཁང་གིས་ཁོང་ལ་འདྲི་གཅོད་ཇི་ལྟར་བྱས་ཀྱང་། ཁོང་གིས་ཁ་གྲག་གི་མེད་འདུག ཁོང་གི་ནང་མི་ཚོར་ཐུག་འཕྲད་བྱེད་དུ་བཅུག་མེད་སྟབས། ཁོང་གི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་མི་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༦/༡༢/༢༩

Leave a Reply