ཇོ་ནང་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་ཞུ་འབོད་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན།

བཙན་བྱོལ་བོད་མིའི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པ་ཞེས་པ་ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་དང་བཅས་པ་ཞེས་པར་བསྐྱར་བཅོས་ཀྱི་མཚོན་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་དགོས།

TibetTimes1

འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཚེས་ ༡ ནས་ ༢ བར་གྱི་ཉིན་གཉིས་རིང་། གནས་མཆོག་རྡོ་རྗེ་གདན་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དཔལ་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་བརྒྱད་པ་སྐོང་འཚོགས་གནང་ཡོད། ཚོགས་ཆེན་སྟེང་དུ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། ལྷན་ཚོགས་ཀྱི་འགན་འཛིན་ཨ་ཁུ་ཀུན་དགའ་མཆོག དགོན་སྡེ་སོ་སོའི་མཁན་པོ་དང་ལས་སྣེ་སོགས་དང་། དེ་བཞིན་དུ་རྒྱ་བལ་འབྲུག་གསུམ་དང་། ཨ་རི། སུད་སུ། སྦེལ་ལྗམ། སི་ལོ་བ་ཁའི་ཡ། ར་ཤིས་ཡ། སོག་པོ། ཐེ་ཝན་བཅས་ཀྱི་ས་གནས་རྒྱུན་ལས། བོད་ནང་གི་སྐུ་ཚབ་བཅས་ཁྱོན་ཇོ་ནང་ཆོས་བརྒྱུད་འཛིན་མཁན་གྱི་འཐུས་ཚབ་མི་གྲངས་ ༡༠༠ ལྷག་ཅིག་ལྷན་འཛོམས་བྱུང་འདུག

ཚོགས་ཆེན་སྟེང་ཇོ་ནང་པ་སྤྱིའི་གནས་བབ་སྐོར་དང་། ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་ཐོབ་ཆེད་དུ་ཞི་འབོད་ལས་འགུལ་སྤེལ་ཕྱོགས། ཇོ་ནང་པར་ཆོས་བརྒྱུད་ཐོབ་ཐང་མེད་པའི་དཀའ་ངལ་གང་དག་འཕྲད་བཞིན་ཡོད་མེད་བཅས་ཀྱི་གྲོས་གཞིའི་སྟེང་ལ་ཉིན་གཉིས་རིང་ལ་གྲོས་བསྡུར་བརྒྱུད་གྲོས་ཆོད་ ༡༡ ལ་སྤྱི་མོས་དང་མང་མོས་ཀྱི་གཏན་འབེབས་བྱས་ཡོད་འདུག

ཚོགས་ཆེན་མཇུག་སྡོམ་མཛད་སྒོར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཆེད་ཕེབས་ཀྱིས་ཇོ་ནང་པའི་སྐོར་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཆོས་ཚོགས་ཆེ་བ་འཚོགས་སྐབས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་མིང་བྱང་དེ་ཡིན་པས། ཇོ་ནང་པ་ཚུད་ཀྱི་མེད་སྟབས་གནས་ཚུལ་ཁ་ཤས་སྟེང་དཀའ་ངལ་འཕྲད་བཞིན་པ་ཤེས་རྟོགས་ཡོད་ཚུལ་དང་། དེ་ལ་འདས་པའི་ཆོས་ཚོགས་ཁག་གི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་གྱིས་ཐབས་ལམ་འཚོལ་ཐབས་ཡོད་ཚུལ་དང་། དེ་མིན་ཆོས་རིག་ལས་ཁུངས་ནས་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་གནང་ཕྱོགས་སྐོར་ལ་ཐུགས་བསམ་བཞེས་བཞིན་ཡོད་སྐོར། ཇོ་ནང་ཐོབ་ཐང་སྐོར་ལ་ལས་འགུལ་སྤེལ་སྐབས་དམངས་གཙོའི་སྤྱི་ཚོགས་ནང་ཐོབ་ཐང་གི་ལས་འགུལ་སྤེལ་དགོས་ཀྱི་ཡོད་ནའང་། ཕུགས་ལ་མ་གནོད་པ་དང་འདྲོག་མ་སླང་པ་ཞིག་དགོས་སྐོར་དང་། ཐབས་མཁས་པོའི་ཐོག་ནས་ལས་འགུལ་བྱེད་དགོས་སྐོར་བཅས་ཀྱི་བཀའ་སློབ་ཟབ་རྒྱས་གནང་རྗེས་ཚོགས་འདུ་གྲོལ་ཡོད་འདུག

TibetTimes2

ཐེངས་འདིའི་ཚོགས་ཆེན་སྟེང་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་ལས་གྲོས་གཞི་དང་པོ་ཇོ་ནང་སྤྱིའི་གནས་བབས་སྐོར་ལ། ༡༽ དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་ཡུན་གནས་ཆེད་ཇོ་ནང་དགོན་སྡེ་ཁག་དང་ཆོས་ཚོགས་ཁག་གི་མཁན་བླ་སྤྲུལ་དག་གིས་གཙོས་ཇོ་ནང་པ་ཡོངས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་དཔལ་རྒྱལ་བ་ཇོ་ནང་པའི་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་ “མ་དར་བ་རྣམས་སུ་དར་བྱེད་ཅིང་། དར་བ་རྣམས་དག་ཅིང་འཕེལ་བ་དང་ཉམས་པ་རྣམས་གསོ་ནུས་པར་གྱུར་ཅིག་” ཞེས་གསུང་བ་ལྟར་ལགས་ལེན་ལ་ཁེལ་བར་འབད་བརྩོན་ཞུ་དགོས། ༢༽ རིགས་གཅིག་རྐང་འཛིན་གྱི་མཚོན་པའི་ཇོ་ནང་དང་འབྲེལ་བའི་ས་མིག་ཁག་ཏུ་ཇོ་ནང་དགོན་སྡེ་ཁག་ཐུན་མོང་གྲོས་བསྡུར་གྱིས་ཆད་མེད་ཉམས་ཞུགས་གནང་ཐབས་བྱེད་དགོས། ཞེས་སོགས་བཀོད་འདུག

གྲོས་གཞི་གཉིས་པ་ཇོ་ནང་ཆོས་བརྒྱུད་ཐོབ་ཐང་དང་འབྲེལ་བའི་སྐོར་ལ། ༡༽ ༸གོང་ས་རྒྱལ་བའི་དབང་པོ་མཆོག་གིས་གཙོས་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཛིན་བླ་ཆེན་རྣམ་པས་ཇོ་ནང་པར་རྒྱབ་གཉེར་གནང་བའི་བཀའ་སློབ་དང་བཀའ་ཡིག་སོགས་རྒྱ་ཆེའི་མི་མང་ཁྲོད་ཤེས་རྟོགས་ཡོངས་ཐབས་བྱ་རྒྱུ། ༢༽ རྒྱལ་སྤྱི་རང་བཞིན་ཅན་གྱི་ཇོ་ནང་དྲ་ཚིགས་ཅིག་གསར་བཟོ་དང་འབྲེལ་ཇོ་ནང་པའི་གཞུང་ལུགས་ཁག་དང་། ལོ་རྒྱུས་དང་ཆོས་འབྱུང་སོགས་དྲ་ཐོག་ཏུ་འགོད་ཐུབ་པ་བྱ་དགོས། ༣༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཇོ་ནང་ཆོས་བརྒྱུད་ནས་སྤྱི་འཐུས་ཀྱི་རྐུབ་སྟེགས་གཅིག་པུ་རྩོད་བཞིན་ཡོད་པའི་གླེང་ཕྱོགས་ཤིག་ཁྱབ་བཞིན་ཡོད་ཀྱང་། ཇོ་ནང་པ་སྤྱིའི་ལངས་ཕྱོགས་ནི་བཙན་བྱོལ་བོད་མིའི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པ་ཞེས་པ་ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་དང་བཅས་པ་ཞེས་པར་བསྐྱར་བཅོས་ཀྱི་མཚོན་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་ཞེས་པ་འདི་ཡིན། ༤༽ དོན་ཚན་གསུམ་པར་བཀོད་པའི་རེ་འདོད་འདི་མ་འགྲུབ་བར་དུ་གཞིས་བྱེས་ཇོ་ནང་ཆོས་བརྒྱུད་འཛིན་པ་ཡོངས་ཀྱི་ངོས་ནས་རང་གཞུང་ལ་ཞུ་འབོད་ལས་འགུལ་མུ་མཐུད་སྤེལ་རྒྱུ།

གྲོས་གཞི་གསུམ་པ་ཇོ་ནང་པར་ཆོས་བརྒྱུད་ཐོབ་ཐང་མེད་པའི་དཀའ་ངལ་སྐོར་ལ། ༡༽ ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་རིས་མེད་བགྲོ་གླེང་སོགས་ཀྱི་སྐབས་སུ་ཇོ་ནང་པར་དམིགས་བསལ་གྱི་ས་མིག་ཙམ་རེ་ཡོད་མོད། ཇོ་ནང་ཆོས་བརྒྱུད་ཀྱི་རང་ལུགས་བཤད་སའི་ས་མིག་མེད་པའི་དཀའ་ངལ། ༢༽ ཕྱི་ལོ་ ༢༠༡༥ ལོའི་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྐབས་སུ་ཇོ་ནང་པར་དགོན་པ་གཅིག་གི་འཐུས་ཚབ་ལྟ་བུ་ཞིག་གི་གོ་སྐབས་སྤྲད་མོད། ཚོགས་འདུའི་ཁ་བྱང་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་ཞེས་པ་ལས་ཇོ་ནང་པ་གྲལ་དུ་བཞག་མེད་ལ་གྲོས་ཆོད་འཇོག་སྐབས་སུ་ཡང་དེ་དང་གཅིག་མཚུངས་བྱས་ཡོད། ལྷག་པར་དུ་ཆོས་བརྒྱུད་སོ་སོའི་དབུ་ཁྲིད་ཁག་གྲལ་མགོར་བཞུགས་གནས་གྲ་རྒྱས་གོ་སྒྲིག་བྱས་ཡོད་མོད། ཇོ་ནང་པའི་སྐུ་ཚབ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་ཚོགས་མི་ཡོངས་ཀྱི་མཇུག་ཏུ་བཞུགས་གནས་གོ་སྒྲིག་བྱས་ཏེ་ཇོ་ནང་ཆོས་བརྒྱུད་ལ་མཐོང་ཆུང་བྱས་པ།

༣༽ བལ་ཡུལ་ནང་བལ་ཡུལ་ནང་པའི་ཚོགས་པ་ཞེས་བལ་ཡུལ་གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་དེ་ནང་བསྟན་ཆོས་བརྒྱུད་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། བོན་པོ། གཞན་ཁག་ཅིག་བཅས་ལས་གྲུབ་པའི་ཚོགས་པ་ཞིག་ཡིན་ལ། བལ་ཡུལ་དུ་ཡོད་པའི་ཆོས་བརྒྱུད་སོ་སོའི་དགོན་སྡེ་ཁག་ཚོགས་པ་དེའི་ཁོངས་སུ་གཏོགས་པ་ཞིག་ཡིན། འོན་ཀྱང་བལ་ཡུལ་དུ་ཡོད་པའི་ཇོ་ནང་དགོན་སྡེ་ཁག་ཚོགས་པ་དེར་མཉམ་ཞུགས་བྱེད་ཐུབ་མེད། རྒྱུན་མཚན་ཇོ་ནང་པར་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ནས་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མེད་པའི་ཡིན་ཚུལ་ཚོགས་པ་དེའི་རྒྱུན་ལས་ནས་གསལ་བཤད་བྱུང་། ༤༽ ཉེ་ཆར་བལ་ཡུལ་མཆོད་རྟེན་ཆེན་མོ་ཉམས་གསོ་ལེགས་འགྲུབ་ཀྱིས་རབ་གནས་མཛད་སྒོའི་སྐབས་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཛིན་དང་དགོན་སྡེ་སོ་སོའི་རབ་གནས་གྲ་རྒྱས་ཞུས་ཀྱང་། རབ་གནས་བྱེད་སར་ཇོ་ནང་པའི་དགོན་སྡེ་ཁག་མཉམ་ཞུགས་བྱེད་བཅུག་མེད། འདི་ཡང་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མེད་པས་བྱུང་བ་ཞིག་ཡིན།

༥༽ ཆོས་རིགས་ལས་ཁུངས་ནས་གོ་སྒྲིག་འོག་བོད་ཀྱི་ཆོས་བརྒྱུད་ཁག་ནས་རིག་གཅིག་རྐང་འཛིན་གྱི་ལས་འཆར་ཞིག་འགྲོ་བཞིན་ཡོད་པ་དེར་ཇོ་ནང་པར་ཡང་ས་མིག་སྤྲད་པ་ལྟར་མཉམ་ཞུགས་བྱས་ཡོད་མོད། འོན་ཀྱང་རྒྱུག་ཞིབ་ལྷན་ཚོགས་སུ་ཇོ་ནང་པའི་རིགས་གཅིག་རྐང་འཛིན་པ་དག་གི་ཆེད་རྩོམ་ལ་རྟོག་ཞིབ་བྱེད་མཁན་མེད་པའི་དཀའ་ངལ་བྱུང་ཡོད། དེ་ཡང་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མེད་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན།

གོང་ཞུས་འདི་དག་ཇོ་ནང་ཆོས་བརྒྱུད་ལ་ཐོབ་ཐང་མེད་པའི་རྐྱེན་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་དཀའ་ངལ་འཕྲད་བཞིན་པའི་དཔེ་མཚོན་ཙམ་བཀོད་པ་ཡིན།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply

One thought on “ཇོ་ནང་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་ཞུ་འབོད་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན།

  1. ངག་གི་དབང་པོ།

    ཇོ་ནང་པ་ལ་གུས་ཞབས་དང་། ཆེ་མཐོང་དགོས་ཀྱང་། ད་ལྟ་ང་ཚོ་ཐོབ་ཐང་ལ་རྩོད་པ་ཉུང་རུ་གཏང་དགོས། ང་ཚོ་བོད་པ་ལ། ལུང་ཆུང་རེ་ལ་ཆོས་ལུགས་རེ་ཡོད་པས་། རྗེས་སུ་སྤྲེལ་འུས་ཡོས་ཟས་པ་འདྲ་པོ་འགྱུར་ཉེས་ཆེ། དཔེར་ན་བཀའ་རྒྱུད་ཆེ་བཞི་ཆུང་བརྒྱད་དང་། སྟག་ཤམ་ཆོས་རྒྱུད་་ལྟ་བུ་མང་བས་བསྟན་པ་སྤྱི་དང་། རྒྱལ་བ་ཡིད་ནོར་བུ་ལ་མཛད་བཀའ་མ་བཟོས་ན་བཟང་། ད་ལྟ་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་ནའི་བབས་དང་། རྒྱ་འདྲ་དམར་པོའི་བྱ་སྤྱོད་ལ་གཟིགས་ན་། ཇོ་ནང་པའི་ཚོགས་ཆེན་དེ་ཚོ་བོད་སྤྱི་དང་། རྒྱ་འདྲེ་དམར་པོ་ལ་ཁ་གཏད་ཇི་དགེ་དང་། རྒྱལ་བའི་དགོངས་པ་ཇི་ལྟར་བསྒྲུབས་ཚུལ་གྱི་སྐོར་ལ་ཡིན་ན་དགའ་བ་ལ།།