རྗེ་བཙུན་མི་ལའི་དཀའ་སྤྱད་སྡུག་རུས་ལ་དམིགས་དཔེ་ལྟོས།

རྗེ་བཙུན་མི་ལའི་རྣམ་ཐར་དག་ལ་ལྟ་ཀློག་བྱས་པ་ཡིན་ན་ང་ཚོའི་འཚོ་བ་དང་སློབ་སྦྱོང་། ཆོས་ཉམས་ལེན་སོགས་ཀྱི་ཐོག་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་རེད་ཟེར།

TibetTimesཟླ་འདིའི་ཕྱི་ཚེས་ ༡ ནས་ཕྱི་ཟླ་གཉིས་པའི་ཚེས་ ༢༠ བར། གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཉེ་འཁྲིས་སུ་ཡོད་པའི་མ་ཧཱ་ཡཱ་ན་གསོལ་མགྲོན་ཁང་གི་ཤོད་དུ། སེང་གྷ་ཕོར་དུ་གནས་སྡོད་སློབ་དཔོན་ཟླ་བ་དོན་འགྲུབ་ལགས་ཀྱིས་རྗེ་བཙུན་མི་ལའི་རྣམ་ཐར་འགྲེམས་སྟོན་གནང་བཞིན་འདུག་ལ། འགྲེམས་སྟོན་ནང་རྗེ་བཙུན་མི་ལའི་རྣམ་ཐར་དང་འབྲེལ་བའི་བོད་བལ་གཉིས་སུ་ཡོད་པའི་སྒྲུབ་གནས་ཁྱད་པར་ཅན་དང་། དུས་རབས་བཅོ་ལྔ་པའི་ནང་བཞེངས་བའི་སྐུ་བརྙན་མི་ལ་མེ་ཐུབ་མ། དེ་བཞིན་ལོ་ངོ་བདུན་ཅུའི་གོང་དུ་མཛད་པའི་རྗེ་བཙུན་མི་ལའི་མགུར་འབུམ། གཞན་ཡང་། རྗེ་བཙུན་མི་ལའི་དབུ་སྐྲ་དང་། ན་བཟའ་ཞབས་ལྷམ་གྱི་དུམ་བུ། སྐུ་བརྙན་ཞལ་ཐང་སོགས་མཇལ་རྒྱུ་འདུག

རྣམ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་མཆོག་ནི། བོད་བལ་ས་མཚམས་སུ་འཁེལ་བའི་མང་ཡུལ་གུང་ཐང་སྐྱ་རྔ་རྩ་བྱ་བར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་ལགས་དང་། ཡུམ་མྱང་ཚ་དཀར་རྒྱན་ལགས་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ལྕགས་འབྲུག་ལོ་ཕྱི་ལོ་ ༡༠༤༠ ལོར་སྐུ་འཁྲུངས་ཡོད་པ་དང་། སྲིང་མོ་པེ་ཏ་མགོན་སྐྱིད་འཁྲུངས་ནས་ཡུན་རིང་མ་སོང་བར་ཡབ་སྐུ་གྲོངས་པ་མ་ཟད། ཁྱིམ་གྱི་ནོར་རྫས་ཐམས་ཅད་ཨ་ཁུ་གཡུང་དྲུང་རྒྱལ་མཚན་དང་ཨ་ནེ་གཉིས་ཀྱིས་འཕྲོགས་ཏེ་མ་སྨད་གསུམ་གྱིས་དཀའ་སྡུག་ཚད་མེད་མྱངས། མི་ལ་རས་པ་དགུང་ལོ་ ༡༦ ལ་ཕེབས་སྐབས་གཞི་ནས་ཡི་གེ་ཀློག་བསླབས་པ་དང་། དགུང་ལོ་ ༡༨ ཐོག་ཡུམ་གྱི་བཀའ་མངག་ལྟར་དབུས་སུ་ཕེབས་ཏེ་གཡུང་སྟོན་ཁོ་རྒྱལ་དང་། ལྷ་རྗེ་གནུབས་ཆུང་གཉིས་ཀྱི་དྲུང་ནས་མཐུ་བསླབས་ཏེ། དགྲ་བོར་གྱུར་བའི་ཨ་ཁུ་དང་ཨ་ནེ་སོགས་ཕོ་མོ་སོ་ལྔ་མཐུ་ཡིས་བསད་པར་བརྟེན། ཕྱིས་སུ་འགྱོད་བཤགས་ཀྱིས་ཆོས་ལ་བྱོན་ཏེ་གསང་སྔགས་རྙིང་མའི་བླ་མ་མང་པོ་བསྟེན་ཡོད་པ་དང་། དེ་ཡིས་ཐུགས་ཡིད་མ་ཚིམས་པར་རྗེ་མར་པའི་དྲུང་དུ་བྱོན་པ་མ་ཟད། གདམས་ངག་ཞུ་པར་ལས་སྡིག་སྒྲུབ་སྦྱང་ཕྱིར་སྲས་མཁར་དགུ་ཐོག་ཁྱམས་དང་བཅས་པ་མི་ལ་གཅིག་པུས་བཞེངས་ཏེ་སྐུ་རྒྱབ་ཐམས་ཅད་རྨར་གྱུར་ནས་ཁྲག་རྣག་ཚད་མེད་ཐོན་པ་དང་། རྒྱུན་དུ་བཀའ་བཀྱོན་ཕྱག་འབེབས་གནང་བ་སོགས་དཀའ་སྡུག་ཚད་མེད་མྱངས་ཡང་དད་པ་སྐད་ཅིག་ཙམ་མ་འགྱུར་བར་ཅི་མཉེས་བསྒྲུབས་པར་བརྟེན། མཐར་རྗེས་སུ་བཟུང་ནས་མན་ངག་ལྷག་ལུས་མེད་པར་ཡོངས་སུ་བསླབས་པ་མ་ཟད། དཀའ་སྤྱད་དྲག་པོས་གདམས་ངག་རྣམས་བསྒོམས་པར་མཛད་དེ་སྐུའི་རྩ་མདུན་ཐམས་ཅད་གྲོལ་ཞིང་། ཁམས་ཀྱི་འགྲོས་བཞི་མཐར་སོན་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་གཅིག་གིས་ཐོབ་པ་དང་། མངོན་ཤེས་དང་རྫུ་འཕྲུལ་སོགས་གྲུབ་པའི་མཚན་རྟགས་ཁྱད་དུ་འཕགས་པ་བྱུང་། ཐུགས་ཀྱི་སྲས་པོ་ཉི་ཟླ་ཟུང་སྟེ་རས་ཆུང་བ་དང་དྭགས་པོ་ལྷ་རྗེ་རྣམ་གཉིས་ཀྱི་གཙོས་གྲུབ་ཐོབ་ཉེར་ལྔ་དང་རྟོགས་ལྡན་བརྒྱ། ཕྱིར་མི་ལདོག་པ་སྟོང་སོགས་བྱུང་བ་དང་། མཐར་དགུང་ལོ་གྱ་བཞི་པ་ཆུ་མོ་ཡོས་བུ་ཕྱི་ལོ་ ༡༡༢༣ ཚེས་ ༡༤ ཉིན་ངོ་མཚར་བའི་བལྟས་དང་བཅས་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པར་གྲགས།

འགྲེམས་སྟོན་གཙོ་གཉེར་བ་སློབ་དཔོན་ཟླ་བ་དོན་འགྲུབ་ལགས་སུ། རྗེ་བཙུན་མི་ལའི་རྣམ་ཐར་དང་འབྲེལ་བའི་འགྲེམས་སྟོན་གྱི་དགོས་པ་དམིགས་ཡུལ་ཅི་ཡིན་དྲིས་པར། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་འདི་དང་སྟབས་བསྟུན་ཏེ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དང་འབྲེལ་བའི་འགྲེམས་སྟོན་ཟེར་ན་འདྲ། གནས་ཀྱི་མཇལ་ཁ་འདྲ་པོ་ཞིག་གོ་སྒྲིག་ཞུས་ཡོད། འདིའི་དམིགས་ཡུལ་གཙོ་བོ་དེ་རྗེ་བཙུན་མི་ལ་རས་པ་རང་གི་རྣམ་ཐར་ནང་དུ་སེམས་ཅན་སུ་གང་གི་རྣ་བར་ངའི་མིང་ལན་གཅིག་ཐོས་པ་ལ་དད་པ་སྐྱེས་པ་དེ་རྣམས་ལ། སྐྱེ་བ་བདུན་གྱི་བར་དུ་ངན་སོང་མེད་ཅིང་། ཚེ་རབས་བདུན་དྲན་པར་འགྱུར་བ་རྒྱལ་བ་གོང་མ་རྣམས་ཀྱི་ལུང་བསྟན་ཡིན་ནོ། །ཞེས་གསུངས་ཡོད་པ་ལྟར། རྗེ་བཙུན་གྱི་མཚན་ལན་གཅིག་ཐོས་པ་ཙམ་གྱིས་ཕན་ཡོན་དེ་འདྲ་ཆེན་པོ་ཡོད་སྟབས། ཁོང་གི་རྣམ་ཐར་དང་འབྲེལ་བའི་གནས་རྩ་ཆེན་པོ་མང་པོ་ཡོད་པའི་ནང་ནས་མང་ཆེ་བ་ཧི་མ་ལ་ཡའི་རྒྱབ་མདུན་གྱི་བོད་བལ་གཉིས་སུ་ཡོད་པ་མ་ཟད། གནས་མང་ཆེ་བ་ཞིག་ས་མཚམས་སུ་ཡོད་དུས་ང་ཚོ་གནས་དེར་མཇལ་དུ་འགྲོ་དགོས་ན་ཕྱོགས་གཅིག་ནས་ཐོངས་མཆན་ཐོག་ལ་དཀའ་ངལ་ཡོད་པ་དང་། གཉིས་ནས་གནས་མང་ཆེ་བར་རླངས་འཁོར་གྱི་ལམ་ཀ་མེད་སྟབས་གོམ་པ་བརྒྱབ་ནས་ཉིན་གྲངས་གསུམ་བཞིར་ཕྱིན་ན་གཞི་ནས་མཇལ་ཐུབ་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་མི་མང་པོ་ཞིག་བསླེབས་ཐུབ་ཀྱི་མེད་པར་བརྟེན། འདས་པའི་ལོ་གསུམ་ཙམ་རིང་ང་རང་གིས་པར་ལེན་པ་འཁྲིད་དེ་གནས་ཆེན་ཁག་ཅིག་ལ་ཆེད་དུ་ཕྱིན་ནས་པར་བརྒྱབ་པ་དང་། ང་རང་འགྲོ་བར་ཆ་རྐྱེན་མ་ཚང་བའི་གནས་དེ་ཚོར་མི་གཞན་ལ་འགྲོ་རོགས་ཞུས་ནས་པར་བརྒྱབ་ཡོད། དེ་བཞིན་མི་གཞན་གྱི་དེབ་དེ་འདྲའི་ནང་དུ་པར་བརྒྱབ་བཞག་ཡོད་པ་དེ་ཚོ་སྤྲོད་རོགས་ཞུས་པ་བཅས་ད་ལྟའི་ཆར་ཁྱོན་བསྡོམས་པར་རིས་ ༥༤ ཙམ་ཡོད། ཅེས་བརྗོད་བྱུང་།

ཡང་ཁོང་གིས་མུ་མཐུད། ང་ཚོའི་བླ་མ་མང་པོ་ཞིག་ཆུང་ཆུང་སྐབས་ནས་ཅིག་ཅིག་བླ་མ་རེད། ཉིག་ཉིག་བླ་མ་རེད་ཅེས་སྤྲུལ་བ་དེ་འདྲར་ཕེབས་ཡོང་དུས། དང་པོ་ནས་དཀའ་ལས་ཞེ་དྲགས་རྒྱག་མི་དགོས་པར་བཟའ་ཆོག་ཆོག་དང་འཐུང་ཆོག་ཆོག་ཡོད་པ་རེད། ཡིན་ནའང་། རྩ་བའི་ཆ་ནས་རྗེ་བཙུན་མི་ལ་མི་དཀྱུས་མ་ཞིག་དང་ལྷག་པར་དུ་འཚོ་བའི་ཐོག་དཀའ་ངལ་མང་པོ་འཕྲད་དེ་མིའི་སྤྱི་ཚོགས་ནང་ཉམས་མྱོང་འདྲ་མི་འདྲ་མང་པོ་བསགས་ཡོད་སྟབས། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་དཀའ་ལས་བརྒྱབ་ན་འབྲས་བུ་ཡོད་པ་ཧ་གོ་ཐུབ་པ་རེད། ནམ་རྒྱུན་ལས་ཀ་ག་འདྲ་ཞིག་ཡིན་ཡང་ང་ཚོས་མཐའ་འཁྱོལ་ཐུབ་ཀྱི་ཡོད་པ་མ་རེད། ལས་ཀ་གཅིག་མགོ་ཏོག་ཙམ་བཙུགས། དེ་ནས་ཡང་བཞག་སྟེ་ལས་ཀ་གཞན་པ་ཞིག་ལ་ལག་པ་འཆང་སྟེ་མདོར་ན་མཐའ་འཁྱོལ་བའི་ལས་ཀ་ཞིག་བྱེད་ཐུབ་ཀྱི་ཡོད་པ་མ་རེད། སྤྱིར་བཏང་ལས་རིགས་ག་རེ་ཡིན་ནའང་རིགས་གཅིག་རྐང་འཛིན་འདྲ་པོ་བྱས་ཏེ་དཀའ་ལས་བརྒྱབ་པ་ཡིན་ན། ཚེ་གཅིག་ལ་སངས་རྒྱས་ཐུབ་པའི་ནུས་པ་དེ་ང་ཚོར་ཡོད་པ་རེད་ལ། དེ་མིན་གྱི་ལས་ཀ་རྣམས་དངོས་གནས་བྱས་ན་ཞོར་འདྲ་པོ་ཞིག་ཆགས་ཀྱི་ཡོད་པར་བརྟེན། རྗེ་བཙུན་མི་ལའི་རྣམ་ཐར་དེ་ཚོ་ཀློག་དུས་ཁོང་གིས་དཀའ་ལས་དེ་ཚོད་ཅིག་བརྒྱབ་འདུག ང་ཚོས་དེ་འདྲ་རང་མ་བྱུང་ཡང་དེའི་བརྒྱ་ཆ་སུམ་ཅུ་བཞི་བཅུ་ཞིག་རྒྱག་དགོས་ས་རེད་བསམ་པའི་སེམས་ཤུགས་སྤར་བ་དང་། དམིགས་དཔེ་ལྟ་ས་འདྲ་པོ་ཞིག་ཆགས་བསྡད་ཡོད་པ་རེད། ང་རང་ཚོ་བོད་པའི་སྤྱི་ཚོགས་ཙམ་མ་ཡིན་པར་ཕྱི་རྒྱལ་བ་ཚོར་འགྲེལ་བཤད་བརྒྱབ་པ་ཡིན་ནའང་དཔེ་ལས་སླ་པོ་བྱས་ཏེ་ངོས་ལེན་བྱེད་འགྲོ་ཡི་རེད། མདོར་བསྡུས་ན་རྗེ་བཙུན་མི་ལའི་རྣམ་ཐར་དེ་ཚོར་ལྟ་ཀློག་བྱས་པ་ཡིན་ན། ང་རང་ཚོའི་འཚོ་བ་དང་སློབ་སྦྱོང་། ཆོས་ཉམས་ལེན་སོགས་ཀྱི་ཐོག་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་རེད། ཅེས་བརྗོད་བྱུང་།

TibetTimesའགྲེམས་སྟོན་ནང་པར་རིས་རྟེན་དངོས་རྩ་ཆེན་ཅི་ཡོད་སྐོར་ལ་ཁོང་གིས། སྤྱིར་བཏང་སྒྲུབ་ཕུག་ལ་ཡོངས་སུ་གྲགས་པའི་ཕུག་ཆེན་བཞི་དང་ཡོངས་སུ་མ་གྲགས་པའི་ཕུག་ཆེན་བཞི། ཕྱི་ཡི་རྫོང་དྲུག ནང་གི་རྫོང་དྲུག གསང་བའི་རྫོང་དྲུག་བཅས་རྫོང་བཅོ་བརྒྱད་ཡོད་པ་དང་། རྗེ་བཙུན་གྱི་སྒྲུབ་ཕུག་གཙོ་བོའམ་མཆོག་ཏུ་གྱུར་བ་དེ་བལ་ཡུལ་དུ་ཡོད་པའི་ལ་ཕྱི་གངས་ཀྱི་ར་བ་ཡིན་ལ། དེ་བཞིན་བལ་ཡུལ་གྱི་སྒྲུབ་ཕུག་སྐད་གྲགས་ཆེ་ཤོས་གཞན་ཞིག་ནི་སྟག་ཕུག་སེང་གེ་རྫོང་དང་། བོད་ནང་དུ་ཡུན་རིང་ཤོས་བཞུགས་ས་དང་དཀའ་སྤྱད་ཆེན་པོ་གནང་ས་གཙོ་བོ་བྲག་དཀར་རྟ་སོ་རྫོང་དང་། ཡོངས་སུ་གྲགས་པའི་ཕུག་ཆེན་བཞི་སྟེ་ལ་ཕྱི་བདུད་འདུལ་ཕུག་དང་གཉའ་ནང་གྲོད་པ་ཕུག སྐུ་མྱ་ངན་ལས་འདས་ས་ཆུ་དབར་སྤྲུལ་སྐུའི་ཕོ་བྲང་། ཏི་སེ་རྫུ་འཕྲུལ་ཕུག་དང་། རྗེ་བཙུན་མི་ལས་བཞེངས་པའི་སྲས་མཁར་དགུ་ཐོག་དང་། ཡབ་བཞེས་ཀྱི་བཞུགས་གནས་དང་ཞིང་ཁ། དགྲ་བོར་གྱུར་བའི་ཨ་ཁུ་གཡུང་དྲུང་རྒྱལ་མཚན་དང་ཨ་ནེའི་མཁར་ཤུལ། མ་ཡུམ་གྱི་རུས་ཚ་མཆོད་རྟེན་གྱི་པར་རིས་སོགས་ཡོད་པ་དང་། དེ་བཞིན་ལ་ཕྱི་རྟེན་སྒམ་ནང་བཞུགས་པའི་རྗེ་བཙུན་མི་ལའི་དབུ་སྐྲ་དང་ན་བཟའ་དུམ་བུ། ཞབས་ལྷམ་དུམ་བུ། གཞན། ལོ་ངོ་ ༥༠༠ ཙམ་གྱི་ལོ་རྒྱུས་ལྡན་པའི་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན་གྱིས་བཞེངས་པའི་སྐུ་བརྙན་མི་ལ་མེ་ཐུབ་མ་དང་། ལོ་ངོ་ ༧༠ གོང་དུ་རྣལ་འབྱོར་པ་རུས་པའི་རྒྱན་ཅན་གྱིས་མཛད་པའི་མི་ལའི་མགུར་རྣམ་པར་གློག་མ་བཅས་ཡོད་ལ། ད་ལན་འགན་ལྗིད་པོ་ཞིག་འཁུར་ཏེ་སྐུ་བརྙན་རྙིང་པ་འདི་ལ་ཕྱི་ནས་གཡར་ཡོང་བ་ཡིན་སྐོར་བརྗོད་བྱུང་།

འགྲེམས་སྟོན་འདི་བརྒྱུད་མ་འོངས་པར་ལས་འཆར་ཅི་ཡོད་དྲིས་པར་ཁོང་གིས། ད་རེས་ཐེངས་དང་པོ་ཡིན་པས་ང་ཚོར་དམིགས་བསལ་གྱིས་ཉམས་མྱོང་ཅི་ཡོད་པ་མ་རེད། ཡིན་ནའང་། ད་ལྟའི་འགྲེམས་སྟོན་འདི་ནང་བཞིན་གྱི་མི་ལ་རས་པའི་རྣམ་ཐར་སྐོར་གྱི་བོད་རྒྱ་དབྱིན་གསུམ་གྱི་འགྲེལ་བཤད་ཡོད་པའི་པར་རིས་དེབ་ཅིག་འདོན་འཆར་ཡོད་ལ། འགྲེམས་སྟོན་དབུ་འབྱེད་ཐོག་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་སྐབས་ཀྱང་དེབ་ཅིག་འདོན་ཐུབ་ན་ཡག་པོ་ཡོད་པའི་ལམ་སྟོན་གནང་བ་ལྟར་དེབ་ཅིག་བཀྲམ་དགོས་བསམ་བསྡད་ཡོད། དམིགས་བསལ་གྱིས་སློབ་གྲྭ་ཁག་དང་གཞིས་ཆགས་ཁག་ལ་བཀྲམ་ཐུབ་ན་རྗེ་བཙུན་མི་ལ་རས་པ་ངོ་ཤེས་པར་ཕན་ཐོགས་ཡོད་པ་རེད། སྤྱིར་བཏང་ང་རང་གི་རེ་བར་རྒྱལ་ཁབ་རེ་རེར་བསམ་བློ་གཏོང་གི་ཡོད། ད་ལན་༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནས་བཀའ་དབང་གནང་བ་དང་སྟབས་བསྟུན། གནས་ཁྱད་པར་ཅན་རྡོ་རྗེ་གདན་འདི་འགྲེམས་སྟོན་གྱི་རྐང་པ་བཙུགས་ས་འདྲ་པོ་བྱས་ན་དངོས་གནས་རྟགས་རྟེན་འབྲེལ་དང་ལས་སྨོན་ལམ་དཔེ་ཡག་པོ་ཞིག་འདུག་བསམ་ནས་འདིར་འགྲེམས་སྟོན་བྱས་པ་ཡིན། དེ་འདྲ་ཡིན་དུས་རྒྱ་གར་གྱི་ས་ཆ་གཞན་པར་འགྲོ་དགོས་བསམ་པ་དེ་འདྲ་གནས་སྐབས་རིང་མེད། ཡིན་ནའང་མ་འོངས་པར་དོ་སྣང་བྱེད་མཁན་ཡག་པོ་དང་ཕན་ཐོགས་ཡོང་ས་རེད་བསམ་ན་བསམ་བློ་གཏོང་དགོས་པ་ཞིག་ཆགས་འདུག དེ་ནས་ཕྱི་རྒྱལ་ཁག་ལ་ལོ་རེར་འགྲེམས་སྟོན་སྐོར་སྐྱོད་ཐེངས་གཅིག་བྱེད་ཐུབ་ན་ཡག་པོ་ཡོང་ས་རེད་བསམ་ནས་འཆར་གཞི་འདྲ་པོ་ཞིག་བང་སྒྲིག་བཞིན་ཡོད། ཅེས་བརྗོད་བྱུང་།

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply

3 thoughts on “རྗེ་བཙུན་མི་ལའི་དཀའ་སྤྱད་སྡུག་རུས་ལ་དམིགས་དཔེ་ལྟོས།

  1. འབྲོང་བུ་སོག་ཚ།

    “ལོ་ངོ་ ༧༠ གོང་དུ་རྣལ་འབྱོར་པ་རུས་པའི་རྒྱན་ཅན་གྱིས་མཛད་པའི་མི་ལའི་མགུར་རྣམ་པར་གློག་མ་བཅས་ཡོད་ལ། ད་ལན་འགན་ལྗིད་པོ་ཞིག་འཁུར་ཏེ་སྐུ་བརྙན་རྙིང་པ་འདི་ལ་ཕྱི་ནས་གཡར་ཡོང་བ་ཡིན་སྐོར་བརྗོད་བྱུང་།” ཞེས་བྲིས་གདའ་བས། དོགས་པ་ཞིག་འདུག གང་གི་ཞེ་ན། ༧རྗེ་མི་ལའི་རྣམ་ཐར་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་དེ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ཡིན་ཚོད་དང་། དེ་རྗེས་ཕྱི་ལོ་ ༡༤༩༥ ལོར་གཙང་སྨྱོན་ཧེ་རུ་ཀས་བསྒྲིགས་པ་ཞིག་དེང་སྐབས་རྒྱ་ཁྱབ་སུ་འགྲོ་བ་འདི་ཡིན་ན་ལོ་ ༧༠ གོང་ནས་ཡིན་པ་གསལ་པོར་འདུག་པས་དཔྱད་པར་འཚལ།།

    སྤྱིར་བཏང་རུས་པའི་རྒྱན་དང་། གཙང་སྨྱོན་གཉིས་མི་གཅིག་ཡིན་མིན་དཔྱད་པར་ཞུ།