རྒྱ་གཞུང་གིས་བོད་མིའི་ཕྱི་སྐྱོད་ལག་འཁྱེར་བཀག་མེད་ཟེར་བ་དེ་བདེན་པ་མ་རེད།

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་མི་ཚོ་དུས་འཁོར་དབང་ཆེན་ཞུ་བར་བཀག་འགོག་བྱས་མེད་སྐོར་བརྗོད་པ་དེ་རྫུན་གཏམ་ཡིན་པའི་ཁུངས་སྐྱེལ་དུ་བོད་མི་ཕྱི་སྐྱོད་བྱེད་མཁན་ཚོའི་ནང་མིར་རྒྱ་ནག་གཞུང་གིས་འཇིགས་སྐུལ་བྱས་ཏེ་འདིར་འབྱོར་ཟིན་པའི་བོད་མི་སྟོང་ཕྲག་ཁ་ཤས་ཕྱིར་ལོག་ཡོད་སྐོར་གསུངས་སོང་།

thumb_IMG_5835_1024

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་དུས་དབང་གསུང་ཆོས་རའི་གསར་འགོད་ལས་ཁང་དུ། བོད་མིའི་སྒྲིག་འཛུགས་ནས་དུས་དབང་གོ་སྒྲིག་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་ལ། ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་ད་ལན་དུས་དབང་ཐེངས་ ༣༤ པ་དེ་འདས་པའི་ལོ་ངོ་ ༥༠ ནང་བོད་མིའི་སྒྲིག་འཛུགས་ནས་དུས་དབང་གོ་སྒྲིག་ཞུས་པ་ཐེངས་དང་པོ་ཆགས་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་རྒྱ་མི་ཚོར་འཛམ་བུ་གླིང་ལ་སྐོར་བ་རྒྱག་པའི་ཐོངས་མཆན་སྤྲོད་ཀྱི་ཡོད་ཀྱང་། བོད་མི་ཕྱི་སྐྱོད་ལག་འཁྱེར་ཞུ་མཁན་གྱི་བརྒྱ་ཆ་ ༩༠ ལ་ཐོངས་མཆན་སྤྲད་མེད་པ་མ་ཟད། བརྒྱ་ཆ་བཅུ་ཙམ་ལ་སྤྲད་ཡོད་པ་དེ་ཚོའང་བལ་ཡུལ་དང་རྒྱ་གར་ནང་གི་ནང་པའི་གནས་རྣམས་ལ་མཇལ་སྐོར་ཞུ་བའི་ཐོབ་ཐང་མ་སྤྲད་པར་གློ་བུར་དུ་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་ཡོད་པའི་དངོས་ཡོད་གནས་ཚུལ་སྦེད་ཐབས་མེད་སྐོར་གསུངས་སོང་།

སྐབས་དེར་སྲིད་སྐྱོང་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ཞུ་མཁན་དད་ལྡན་ཆོས་ཞུ་བ་ཡོངས་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས། ༧གོང་ས་མཆོག་ནི་དཔལ་ནལེནྜའི་ཆོས་བརྒྱུད་ཉམས་ལེན་པ་རླབས་ཆེ་ཤོས་ཤིག་ཡིན་ཞིང་། བོད་མི་ཚོར་མཚོན་ན་ཁོང་ནི་ཚེ་སྲོག་ཡིན་ལ། འགྲོ་བ་མིའི་རིགས་ལ་མཚོན་ན་ཁོང་ནི་བྱམས་སྙིང་རྗེའི་རྣམ་སྤྲུལ་ཞིག་ཡིན་སྟབས། གནས་མཆོག་རྡོ་རྗེ་གདན་དུ་ཁོང་གི་མདུན་ནས་དུས་དབང་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་རྩ་ཆེན་པོ་ཡིན་ལ། དུས་དབང་ཐོབ་པའི་དད་ལྡན་ཆོས་ཞུ་བ་རྣམས་སྔར་ལས་བྱམས་སྙིང་རྗེ་དང་ཞི་བདེ་ལྡན་པ་ཞིག་ཏུ་འགྱུར་ཐུབ་པ་མ་ཟད། སོ་སོའི་ཡུལ་ལུང་རྒྱལ་ཁབ་ཁག་ནང་ཕྱིར་ལོག་རྗེས་འཛམ་གླིང་ཞི་བདེའི་བརྡ་ལན་ཁྱབ་སྤེལ་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ནས་གནས་མཆོག་རྡོ་རྗེ་གདན་དུ་དུས་དབང་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་གཅིག་ནི་འཛམ་གླིང་ཞི་བདེའི་ཆེད་དུ་ཡིན་ལ། རྒྱུ་མཚན་གཞན་ཞིག་ནི་ད་ལྟའི་ཆར་བོད་མི་རྣམས་བོད་ཕྱི་ནང་གཉིས་སུ་གྱར་ཡོད་པ་དང་། དུས་དབང་གི་སྐལ་བ་བཟང་པོ་འདི་བརྒྱུད་བོད་མི་རྣམས་སྔར་ལས་སྟོབས་ཤུགས་དང་ཆོད་སེམས། ཆིག་སྒྲིལ་བཅས་ཡོང་བའི་ཐོག་ནས་བོད་ཀྱི་རང་དབང་འཐབ་རྩོད་གོང་སྤེལ་ཆེད་ཡིན་པ་དང་། ཐེངས་འདིའི་དུས་འཁོར་དབང་ཆེན་ནི་རྒྱ་ནག་གཞུང་གིས་བོད་མི་ཚོར་གནོན་ཤུགས་མང་པོ་སྤྲོད་རྐྱེན་ཞིག་ཀྱང་ཆགས་ཡོད་པ་དང་། བོད་ནས་བོད་མི་མང་པོ་རྡོ་རྗེ་གདན་དུ་ཕེབས་ཐུབ་ཀྱི་མེད་པ་དང་། ཕེབས་ཡོད་པ་རྣམས་ཀྱང་རྒྱ་གཞུང་གི་གནོན་ཤུགས་འོག་འཕྲལ་དུ་ཕྱིར་ལོག་དགོས་ཁེལ་ཡོད། ཡིན་ནའང་། ༧གོང་ས་མཆོག་ནས་བཀའ་གནང་བ་ལྟར་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལའང་བཀའ་དབང་ཐོབ་ཐུབ་ཀྱི་ཡོད་ལ། བོད་ནང་གི་བོད་མི་ཚུད་པའི་འཛམ་གླིང་གི་ཡུལ་ལུང་གང་སར་ཡོད་པའི་བོད་མི་རྣམས་དང་ནང་ཆོས་དོན་གཉེར་བ་རྣམས་ལ་བཀའ་དབང་ཐོབ་ཆེད་བོད་ཀྱི་དྲ་བརྙན་བརྒྱུད་དུས་དབང་གི་མཛད་རིམ་ཐད་གཏོང་གནང་བཞིན་ཡོད་པ་དང་། སྤྱིར་ད་ལན་དུས་དབང་ཐེངས་ ༣༤ པ་ཡིན་ཡང་འདས་པའི་ལོ་ངོ་ ༥༠ ནང་བོད་མིའི་སྒྲིག་འཛུགས་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གོ་སྒྲིག་ཞུས་པ་ཐེངས་དང་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པའི་དྲི་བ་དྲིས་ལན་གྱི་སྐབས་སུ་ཉེ་ཆར་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གིས། རྒྱ་ནག་གཞུང་གིས་བོད་མི་ཚོས་དུས་འཁོར་དབང་ཆེན་ཞུ་བར་བཀག་འགོག་བྱས་མེད་པ་དང་། ཕྱི་སྐྱོད་ལག་འཁྱེར་ཞུ་མཁན་ཆིག་སྟོང་ཞིག་མ་གཏོགས་བྱུང་མེད་སྐོར་བརྗོད་པ་དེར་བོད་མིའི་སྒྲིག་འཛུགས་ནས་དགོངས་ཚུལ་ལན་འདེབས་ཅི་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་ནག་གཞུང་གིས་དེ་སྔ་ལོ་རྒྱུས་ནས་ཧམ་བཤད་དང་རྫུན་གཏམ་བཤད་དེ་བོད་བཙན་བཟུང་འོག་གནས་བསྡད་པ་ཞིག་ཆགས་ཡོད་པ་དང་། ད་ལན་དུས་འཁོར་དབང་ཆེན་ཐོག་ལ་དམ་དྲག་བྱས་མེད་ཟེར་བ་དེའང་ཁུངས་དང་ལུངས་མེད་པའི་ཧམ་བཤད་ཅིག་ཆགས་བསྡད་ཡོད་པ་རེད། རྒྱ་ནག་གཞུང་གིས་གནས་མཇལ་མཁན་ཚོར་དམ་དྲག་དང་བཀག་སྡོམ་བྱས་མེད་ཟེར་བ་དེ་ཧམ་བཤད་རང་རེད། གང་ཡིན་ཟེར་ན། བལ་ཡུལ་དང་རྒྱ་གར་ནང་མི་སྟོང་ཕྲག་མང་པོ་ཞིག་ཕེབས་ཡོད་ཀྱང་། གློ་བུར་དུ་ང་སང་ཉིན་འཐོན་ན་མ་གཏོགས་འགྲིག་གི་མི་འདུག གནངས་ཉིན་ཐོན་ན་མ་གཏོགས་འགྲིག་གི་མི་འདུག ནང་དུ་ཉེན་རྟོག་པ་བསླེབས་ཏེ་རྩད་གཅོད་བྱེད་ཀྱི་འདུག གཞུང་ནས་ནང་ལ་ཐོབ་ཐང་ཕྲན་བུ་སྤྲོད་ཀྱི་ཡོད་པ་དེ་ཚོ་འཕྲོག་གི་ཡིན། དམིགས་བསལ་གྱིས་ཕྱི་ཟླ་དང་པོའི་ཚེས་ ༡ ནས་ ༡༥ བར་དུ་ནང་ལ་མི་མེད་ན་འགྲིག་གི་མ་རེད་ལབ་ཀྱི་འདུག་ཅེས་བོད་ནས་ཡོང་མཁན་ཚོས་རྗོད་ཀྱིན་འདུག ཁོང་རྣམ་པ་འཇིགས་སྣང་དང་དངངས་སྐྲག་ཁྲོད་ཕྱིར་ལོག་དགོས་བྱུང་བ་དེར་མི་གཅིག་གཉིས་མིན་པར་མི་སྟོང་ཕྲག་མང་པོའི་དཔང་རྟགས་ཡོད་པ་རེད། ཅེས་བརྗོད་བྱུང་།

རྒྱ་མི་རིགས་ཀྱི་བརྒྱ་ཆ་བརྒྱ་ལ་ཕྱི་སྐྱོད་ལག་འཁྱེར་སྤྲད་དེ་འཛམ་གླིང་ནང་སྐོར་བ་རྒྱག་གི་ཡོད་པ་ལྟར་བོད་མི་ཕྱི་སྐྱོད་ལག་འཁྱེར་ཞུ་མཁན་བརྒྱ་ཆ་བརྒྱ་ལ་ལག་འཁྱེར་སྤྲད་པ་ཡིན་ན། བོད་མི་ཚོས་ཀྱང་འཛམ་གླིང་ལ་སྐོར་བ་རྒྱག་ཐུབ་པ་དང་། ཁོང་རྣམ་པ་དྷ་རམ་སར་ཡོང་དགོས་པ་མ་རེད་ལ་ཡོང་གིའང་མེད་པ་དང་། ཡོང་རོགས་ཡང་ཞུ་ཡི་མེད་སྟབས། བོད་མི་རྣམས་འཛམ་གླིང་ནང་སྐོར་སྐྱོད་དུ་ཕེབས་པར་ཐོག་མར་ཕྱི་སྐྱོད་ལག་འཁྱེར་སྤྲོད་དགོས་པ་རེད། ཅེས་གསུངས་སོང་། གཞན། ཨ་རིའི་གཞུང་དང་སྲིད་འཛིན་རིམ་པ་ནས་༧གོང་ས་མཆོག་ལ་མཇལ་འཕྲད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་ཡོད་པ་ལྟར། ཨ་རིའི་སྲིད་འཛིན་གསར་པ་ཌོ་ནུལ་ཊོམ་དང་ཁོང་གི་སྲིད་གཞུང་གསར་པའི་ངོས་ནས་ཀྱང་སྔར་གྱི་ལམ་སྲོལ་རྒྱུན་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་འཕྲད་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་གནང་གི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ་དོན་འགྲུབ་བཀྲ་ཤིས་དང་པདྨ་མཚོས།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply

One thought on “རྒྱ་གཞུང་གིས་བོད་མིའི་ཕྱི་སྐྱོད་ལག་འཁྱེར་བཀག་མེད་ཟེར་བ་དེ་བདེན་པ་མ་རེད།

  1. བློན་གསེར་ཆེན།

    “དུས་དབང་གི་སྐལ་བ་བཟང་པོ་འདི་བརྒྱུད་བོད་མི་རྣམས་སྔར་ལས་སྟོབས་ཤུགས་དང་ཆོད་སེམས། ཆིག་སྒྲིལ་བཅས་ཡོང་བའི་ཐོག་ནས་བོད་ཀྱི་རང་དབང་འཐབ་རྩོད་གོང་སྤེལ་ཆེད་ཡིན་པ་དང་།” གོང་ཚིག་དུམ་འདི་སྲིད་སྐྱོང་གི་གཏམ་བཤད་རེད། འདིས་རྒྱ་ནག་གིས་བོད་མིའི་ལག་གི་ཕྱི་བསྐྱོད་ལག་ཁྱེར་ཕྱིར་བསྡུ་བྱ་དགོས་པའི་རྒྱུ་མཚན་དུ་སོང་འདུག