ཀ་ཁ་ག་ངའི་རིན་ཐང་དང་མདུན་ལམ་གླེང་བ།

ད་ལོའི་དུས་འཁོར་དབང་ཆེན་དང་བསྟུན་ཏེ་བོད་དང་རྒྱ་གར་བལ་ཡུལ་འབྲུག་ཡུལ་བཞིའི་ཤེས་ལྡན་པ་སྐོར་ཞིག་གིས་ཀ་ཁ་ག་ངའི་རིན་ཐང་དང་དེ་སྲུང་སྐྱོབ་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་གནང་ཡོད་པ་རེད།

Times

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥ པའི་སྟེང་གནས་མཆོག་རྡོ་རྗེ་གདན་གྱི་ཌ་བྷར་མགྲོན་ཁང་དུ། བྷ་ན་ར་སི་ཧིན་རྡུའི་སློབ་ཆེན་གྱི་བོད་རིགས་མཐོ་རིམ་སློབ་མའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག ༼རྒྱལ་སྤྱིའི་ཀ་ཁ་ག་ངའི་བགྲོ་གླེང་ཐེངས་དང་པོ།༽ ཞེས་པ་ཞིག་ཚོགས་ཡོད་པ་རེད། དེའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་དང་། མོན་རྟ་དབང་དགོན་པའི་གུ་རུ་རིན་པོ་ཆེ་མཆོག དོལ་པོ་སྤྲུལ་སྐུ་ཉིན་བྱང་གདུང་སྲས་ཨོ་རྒྱན་རྒྱལ་མཚན། ལ་དྭགས་མཚན་ཉིད་སློབ་གྲྭའི་སློབ་དཔོན་འཇམ་དབྱངས་རྒྱལ་མཚན་མཆོག འབྲུག་གི་མཁན་པོ་སངས་རྒྱས་ཚེ་རིང་། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་མཁན་པོ་བསྟན་སྐྱོང་སོགས་ཕེབས་འདུག

བགྲོ་གླེང་གཙོ་སྐྱོང་བ་གཉན་ཐར་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཁོ་ཚོས་ཐེངས་འདིའི་དུས་འཁོར་དབང་ཆེན་དང་བསྟུན་ཏེ། སྤྱི་ཚོགས་ཞབས་ཞུའི་ལས་རིགས་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པ་དང་། ཤེས་ཡོན་ཕྱོགས་ནས་དཔེ་ཀློག་གི་རིན་ཐང་དང་། ཀ་ཁ་ག་ངའི་བགྲོ་གླེང་གཉིས་གོ་སྒྲིག་ཞུས་ཡོད་འདུག ཐེངས་འདིའི་བགྲོ་གླེང་དེར་བོད་སྐད་ཡིག་རིག་གཞུང་གི་ཁྱབ་ཁོངས་བོད་དང་རྒྱ་གར། བལ་ཡུལ་འབྲུག་བཅས་རྒྱལ་ཁབ་གཞི་འདྲ་མཉམ་ཐོག་གོ་སྒྲིག་བྱས་པ་ཞིག་ཡིན་འདུག

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུངས་དོན། བོད་མའི་སྐད་ཡིག་སྐོར་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་པ་དེ་ང་རང་ཚོས་ཤེས་གསལ་རེད། བོད་ཡིག་དེ་བོད་པའི་བླ་སྲོག་རེད་ཅེས་ངས་ནམ་རྒྱུན་བཤད་ཀྱི་ཡོད། བོད་ཡིག་དེ་བོད་མའི་བླ་སྲོག་རེད་ལ་ཡ་རབས་བཟང་སྤྱོད་དེ་བོད་མའི་ཟུངས་ཁྲག་རེད། སྐད་ཡིག་ལ་གཉེན་ཀ་ཆེ་ཤོས་དེ་གཞོན་པའི་ཐོག་ནས་ཡོང་གི་ཡོད་རེད། དེ་ཡང་སོ་སོའི་འཁོར་ཡུག་ལ་རག་ལས་ཡོད་རེད། ང་ཚོའི་སྐད་ཡིག་རིག་གཞུང་དེ་ཉག་ཕྲ་བ་ཞིག་ཏུ་བསླེབས་ཡོད་ཀྱང་། དེང་སྐབས་སྔར་དང་མི་འདྲ་བར་གཞོན་སྐྱེས་ཚོ་དང་དམིགས་བསལ་སློབ་ཕྲུག་ཚོའི་ནང་ཤེས་ཡོན་ཐོག་ལ་དོ་སྣང་ཆེ་རུ་འགྲོ་བཞིན་འདུག ད་དུང་དེ་ལས་ལྷག་གི་འགན་བླངས་ཏེ་ལས་འགུལ་འདི་འདྲ་སྤེལ་ཐུབ་ན་ཧ་ཅང་ཡག་པོ་འདུག ཅེས་སོགས་གསུངས་སོང་།

སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་བྱེད་བསྟན་སྐྱོང་ལགས་ཀྱིས་བརྗོད་དོན། ང་ཚོའི་སྐད་ཡིག་གི་དཀའ་ངལ་དེ་ཕྱིའི་དཀའ་ངལ་ཞིག་དང་ནང་གི་དཀའ་ངལ་ཞིག་གཉིས་ཡོད་པ་རེད། ཕྱིའི་དཀའ་ངལ་དེ་ཕྱིའི་བཙན་འཛུལ་བ་མང་པོ་ཞིག་གི་དཀའ་ངལ་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། རིག་གཞུང་གི་བཙན་འཛུལ་ཟེར་བ་དེ་ཧ་ཅང་གི་ཚབས་ཆེན་པོ་ཞིག་རེད། དམག་གི་བཙན་འཛུལ་དེ་མིག་གི་མཐོང་རྒྱུ་ཡོད་ཞིག་དང་རྣ་བས་གོ་རྒྱུ་ཡོད་པ་ཞིག་ཡིན་ཡང་། རིག་གཞུང་གི་བཙན་འཛུལ་དེ་སླེབ་ཀྱི་ཡོད་པ་སོ་སོས་ཧ་གོ་བ་མ་རེད།

བོད་ནང་དུ་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་གི་ཐོག་ནས་རང་གི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་ཡོད་པ་མ་རེད། ང་ཚོ་ཕྱི་ལོགས་ལ་བསླེབས་བསྡད་པ་ཚོར་བོད་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཧ་ཅང་ཆུང་དྲགས་པའི་དཀའ་ངལ་ཡོད་པ་རེད། ཡིན་ནའང་ང་ཚོས་བསམ་བློ་གཏོང་དགོས་ས་གཙོ་བོ་ཞིག་ནི་ཕྱིའི་གནོན་ཤུགས་ལས་ནང་གི་ང་ཚོའི་གཞོན་སྐྱེས་ཚོས་རང་གི་སྐད་ཡིག་གི་རིན་ཐང་མ་ཤེས་པར་ཉམ་ཆག་ཏུ་འགྲོ་བཞིན་ཡོད་པ་དེ་རེད།

བོད་སྐད་ཡིག་རིག་གཞུང་གི་ཁྱབ་ཁུངས་ལ་བསམ་བློ་བཏང་ན། ང་ཚོས་ནམ་རྒྱུན་ནུབ་ལ་དྭགས་ནས་ཤར་ཨ་མདོའི་བར་དུ་ཀ་ཁ་ག་ང་གཅིག་གི་ཁྱབ་ཁུངས་ཡིན་ཟེར་གྱིན་ཡོད་པ་རེད། དེར་བརྟེན། སྐད་ཡིག་སྲུང་སྐྱོབ་དེ་སེམས་ཤུགས་གཅིག་པོ་དང་ཞེན་ཁོག་གཅིག་པོས་བྱེད་ཐུབ་པ་ཞིག་མ་རེད། དེ་ལས་སོ་སོའི་སྐད་ཡིག་རིག་གཞུང་གི་རིན་ཐང་ཤེས་དགོས་གལ་ཆེན་པོ་རེད། དེའི་རིན་ཐང་ཤེས་ཡོང་ན་ད་གཟོད་དེ་ལ་འབད་བརྩོན་གནང་གི་རེད།

རིག་གཞུང་གི་རིན་ཐང་ཇི་ལྟར་ཤེས་དགོས་པ་རེད་ལབ་ན། རིག་གཞུང་ཟེར་བ་དེས་འགྲོ་བ་མི་རིགས་ལ་ཁེ་ཕན་དང་བདེ་སྐྱིད་བསྐྲུན་ཐུབ་པར་ངོས་འཛིན་གྱིན་ཡོད་པ་རེད། བོད་པའི་སྐད་ཡིག་རིག་གཞུང་གིས་དེ་འདྲ་བསྐྲུན་ཐུབ་ཀྱི་རེད་དམ་མ་རེད། དེ་ལ་བསམ་བློ་བཏང་བ་ཡིན་ན་གཞི་ནས་བོད་པའི་སྐད་ཡིག་རིག་གཞུང་གི་རིན་ཐང་དེ་ཧ་གོ་ཡོང་གི་རེད། ཅེས་སོགས་བརྗོད་བྱུང་།

མཇུག་ཏུ་ཧི་མ་ལ་ཡའི་མཐུན་ཚོགས་ཀྱི་འགན་འཛིན་བློ་བཟང་ཕུན་ཚོགས་ལགས་ཀྱིས་མཇུག་བསྡོམས་གསུངས་བཤད་དང་སྦྲགས། འདི་ལོའི་ཕྱི་ཟླ་ ༢ པའི་ནང་འཚོགས་རྒྱུ་ཡིན་པའི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐོང་ཚོགས་ཆེད་ཞལ་འདེབས་ཧིན་སྒོར་འབུམ་གསུམ་གནང་སོང་བ་མ་ཟད། ལོ་རྗེས་མའི་ཚོགས་འདུ་དེ་རྒྱ་གར་རྒྱལ་ས་ལྡི་ལིར་གོ་སྒྲིག་གནང་བ་ཡིན་ན་འགྲོ་སོང་ཚང་མ་ཁོང་གིས་གཏོང་འཆར་ཡོད་འདུག

ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྡོ་རྗེ་གདན་ནས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply