ད་ལོ་ནི་ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་བོད་ཀྱི་མཛངས་མ་འགྲན་སྡུར་གནང་བའི་ལོ་རྒྱུས་ཁྲོད་ཀྱི་འགྲན་ཞུགས་པ་ཆེས་མང་ཤོས་དེ་ཆགས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་ཐེངས་ ༡༥ པ་མགོ་འཛུགས་ཀྱི་གསར་འགོད་གསལ་བསྒྲགས་གནང་སོང་བ་དང་། ད་ལོར་རྒྱ་གར་དང་ཨ་རི། ཡུ་རོབ་བཅས་ནས་བོད་ཀྱི་གཞོན་ནུ་མ་ ༩ མཉམ་ཞུགས་གནང་འདུག་ལ། བོད་ཀྱི་མཛངས་མ་འགྲན་སྡུར་གྱི་ལོ་རྒྱུས་ནང་འགྲན་ཞུགས་པ་ཆེས་མང་ཤོས་དེ་ཆགས་ཡོད་པ་རེད།
བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས། བོད་ཀྱི་མཛངས་མ་འགྲན་སྡུར་ཐེངས་ ༡༥ པ་འདི་ནི་འཛུལ་ཞུགས་པ་མང་ཤོས་དེ་ཆགས་ཡོད་པ་དང་། འདས་པའི་ལོ་ངོ་ ༡༢ ཀྱི་ལོ་རྒྱུས་ནང་མང་ཤོས་དེ་དྲུག་དང་ལོ་བཞིའི་རིང་འཛུལ་ཞུགས་གནང་མཁན་གཅིག་རེ་མ་གཏོགས་བྱུང་མེད་ཀྱང་། ད་ལོར་བུ་མོ་ ༩ མཉམ་ཞུགས་གནང་ཡོད་པ་དང་། ད་ལྟའི་བར་བོད་ཀྱི་མཛངས་མའི་མཚན་གནས་ཐོབ་པའི་མཛངས་མ་ ༡༤ བྱུང་ཡོད་པའི་ནང་ནས་མང་ཆེ་བ་ཞིག་ལ་རྒྱལ་སྤྱིའི་མཛངས་མའི་འགྲན་སྡུར་ནང་ཞུགས་པའི་གོ་སྐབས་བྱུང་ཡོད་ཀྱང་། གོ་སྐབས་ནམ་བྱུང་ལ་རྒྱ་ནག་གཞུང་གིས་སྡང་སེམས་ཆེན་པོའི་ཐོག་ནས་བོད་ཀྱི་མཛངས་མ་རྒྱལ་སྤྱིའི་འགྲན་སྡུར་ནང་ཞུགས་པར་བཀག་འགོག་བྱས་ཡོད་པ་དང་། རྒྱ་ནག་གཞུང་ནས་བཀག་འགོག་བྱས་པའི་རྐྱེན་གྱིས་ཐེངས་ཁ་ཤས་ཤིག་ལ་འགྲན་ཞུགས་ཕྱིར་འཐེན་བྱེད་དགོས་ཁེལ་ཡོད་ཀྱང་། བོད་ཀྱི་མཛངས་མ་འགྲན་སྡུར་དེ་སྲིད་དོན་དང་འབྲེལ་བ་མེད་པར་བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་དུ་གཏོང་ཐབས་ཤིག་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་སྲིད་དོན་ལ་ཁ་བསྒྱུར་ཏེ་བཀག་འགོག་བྱེད་པ་དེ་ནོར་འཁྲུལ་ཡིན་སྐོར་བརྗོད་སོང་།
འགྲན་ཞུགས་པ་གཞོན་ནུ་མ་དགུ་ནི་རང་ལོ་ ༢༠ ཡིན་པ་ལྡི་ལི་ནས་ཡོང་བའི་བུ་མོ་འཆི་མེད་སྐྱིད་འཛོམས་ལགས་དང་། ཨ་རིའི་ནེའུ་ཡོག་ནས་ཡིན་པའི་རང་ལོ་ ༢༢ ཡིན་པ་མིག་དམར་སྒྲོལ་མ་ལགས། ཡུ་རོབ་ཨོ་སི་ཊོ་རི་ཡ་ནས་ཡིན་པའི་གསལ་སྒྲོན་ལགས། རྒྱ་གར་བྷང་ལོར་ནས་ཡོང་བའི་རང་ལོ་ ༢༢ ཅན་བསྟན་འཛིན་མཁས་ཆོས་ལགས་དང་། ཅོན་ཌ་ར་ནས་ཡིན་པའི་བསྟན་འཛིན་ནོར་སྒྲོན་ལགས་རང་ལོ ༢༠། མ་ན་ལི་ནས་ཡིན་པ་བསྟན་འཛིན་ནོར་འཛོམས་རང་ལོ་ ༢༢། ཀོ་ལི་སྒར་གཞིས་ཆགས་ནས་ཡོང་བ་བསྟན་འཛིན་དཔལ་སྒྲོན་རང་ལོ་ ༢༡། སྦེལ་ཀོབ་གཞིས་ཆགས་ནས་ཡིན་པའི་རང་ལོ་ ༢༥ ཅན་བསྟན་འཛིན་དབྱངས་སྐྱིད་དང་། རང་ལོ་ ༢༠ ཡིན་པའི་བསྟན་འཛིན་ཡེ་ཤེས་བཅས་རེད་འདུག
ད་ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་ཧིན་སྒོར་ ༡༠༠༠༠༠ ཡོད་པ་དེའི་སྦྱིན་བདག་ཐའེ་ཝན་ནང་ཡོད་པའི་བསྟན་འཛིན་ཆར་ལི་(Tenzin Charlie)ལགས་ཡིན་འདུག ཨང་གཉིས་པར་ཧིན་སྒོར་ཁྲི་ ༥༠༠༠༠ དང་ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ ཡོད་ལ། ཨང་གཉིས་པའི་བྱ་དགའི་སྦྱིན་བདག་ཁ་ལི་ཧྥོར་ནི་ཡར་ཡོད་པའི་བསྟན་པ་རྡོ་རྗེ་ལགས་ཡིན་པ་དང་། ཁོང་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནང་ངའི་གྲོང་སྡེ་ཞེས་པའི་ཚོགས་པ་ཞིག་ཀྱང་བཙུགས་ཡོད་འདུག
གསར་འགོད་པ། པདྨ་མཚོ།