དཔལ་འབྱོར་ཐོག་རང་མགོ་རང་ཐོན་མིན་ན་ཨ་རིའི་ནང་ཡོང་བཅུག་གི་མིན།

སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་རིའི་ནང་བསླེབས་ཏེ་ལོ་ལྔ་ནང་ཚུན་དུ་སྤྱི་དམངས་ཁེ་ཕན་ལོངས་སུ་སྤྱོད་མཁན་ཚོར་མྱུར་ཏུ་བཀག་སྡོམ་དགོས་པའི་གྲོས་འཆར་འབུལ་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ལོ་ཝ་(Lowa)མངའ་སྡེའི་གྲོང་ཁྱེར་སི་ཌར་རཱ་ཕི་ཌི་(Cedar Rapids)ཡི་ནང་མི་མང་ལ་གཏམ་བཤད་གནང་སྐབས། གནས་སྤོ་སྐྱབས་བཅོལ་བ་ཚོ་ཨ་རིའི་ནང་བསླེབས་ཏེ་ལོ་ལྔ་ནང་ཚུན་དུ་ཨ་རིའི་སྤྱི་དམངས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་བཞིན་པ་བཀག་སྡོམ་དགོས་པའི་གྲོས་འཆར་གང་མགྱོགས་ཀྱིས་གྲོས་ཚོགས་ལ་འབུལ་རྒྱུ་ཡིན་པ་མ་ཟད། ཨ་རིའི་སྤྱི་ཚོགས་ཀྱི་འཁུར་བོར་འགྱུར་སྲིད་པའི་གནས་སྤོ་སྐྱབས་བཅོལ་བ་ཚོ་ཨ་རིའི་ནང་ཡོང་བར་བཀག་སྡོམ་ཧ་ཅང་ནན་པོ་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག

དེ་ཡང་སྲིད་འཛིན་ཊོམ་ཕུ་མཆོག་གིས། ད་ལྟ་གནས་སྤོ་སྐྱབས་བཅོལ་བར་བཅའ་ཁྲིམས་གསར་པ་བཟོ་བའི་དུས་ལ་བསླེབས་ཡོད་པ་དང་། མ་འོངས་པར་ཨ་རིའི་ནང་ཡོང་མཁན་ཚོ་ངེས་པར་དུ་དཔལ་འབྱོར་ཐོག་རང་མགོ་རང་ཐོན་གྱིས་ཉུང་མཐར་ཨ་རིའི་ནང་བསླེབས་ཏེ་ལོ་ངོ་ལྔ་ནང་ཚུན་དུ་སྤྱི་དམངས་ཀྱི་ཁེ་ཕན་ལེན་མི་དགོས་པ་ཞིག་དགོས། ཞེས་དང་། ཨ་རིའི་གྲོས་ཚོགས་ནས་གང་མགྱོགས་ཀྱིས་སྲིད་གཞུང་གསར་པའི་གྲོས་འཆར་ཁག་བཅའ་ཁྲིམས་སུ་གཏན་འབེབས་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

ཊོམ་ཕུ་མཆོག་གི་དགོངས་འཆར་དེ་ནི་ཨ་རིའི་ཕྱི་ལོ་ ༡༩༩༦ ལོའི་མི་སྒེར་གྱི་འགན་འཁུར་དང་ལས་ཀའི་གོ་སྐབས་བར་འདུམ་གྱི་བཅའ་ཁྲིམས(Personal Responsibility and Work Opportunity Reconciliation Act of 1996)གཞིར་བཟུང་བ་ཞིག་ཡིན་ལ།  བཅའ་ཁྲིམས་དེའི་ནང་ཨ་རིའི་ནང་བསླེབས་ཏེ་ལོ་ ༥ ནང་ཚུན་དུ་སྤྱི་དམངས་ཁེ་ཕན་ལ་བརྟེན་ནས་འཚོ་བ་རོལ་མཁན་གྱི་སྐྱབས་བཅོལ་བ་ཚོ་ཨ་རིའི་ནང་ནས་ཕྱིར་འཕུད་གཏོང་ཆོག་སྐོར་ཁ་གསལ་བཀོད་ཡོད་འདུག ཡིན་ནའང་། དེ་སྔོན་བྷུ་ཤི་དང་ཨོ་བྷ་མའི་གཞུང་འཛིན་སྐབས་སྐྱབས་བཅོལ་བའི་བཅའ་ཁྲིམས་ཀྱི་དོན་ཚན་མང་པོ་ཞིག་འབྲུ་དོན་བཞིན་ལག་བསྟར་གནང་མེད་པ་རེད།  ད་ལྟ་ཊོམ་ཕུ་སྲིད་གཞུང་གསར་པའི་ངོས་ནས་སྐྱབས་བཅོལ་བས་ཨ་རིའི་སྤྱི་དམངས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་པར་སྔར་ལས་ཤུགས་ཆེ་བའི་སྟངས་འཛིན་གནང་འཆར་ཡོད་འདུག

སྤྱིར་བཏང་ཨ་རིའི་མངའ་སྡེ་སོ་སོ་ནས་ས་གནས་ཀྱི་གནས་སྤོ་སྐྱབས་བཅོལ་བར་སྤྱི་དམངས་ཁེ་ཕན་ལོངས་སུ་སྤྱོད་པའི་ཐོབ་ཐང་སྤྲོད་དང་མ་སྤྲོད་ཀྱི་ཐག་གཅོད་བྱེད་པའི་དབང་ཆ་ཡོད་ཀྱང་། གནས་སྤོར་ཐོངས་མཆན་མེད་པའི་ཕྱི་མི་དང་ཁྲིམས་མཐུན་ཐོབ་དཔང་མེད་པའི་སྐྱབས་བཅོལ་བ་ཚོར་སྤྱི་དམངས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་པའི་ཐོབ་ཐང་མེད་པ་རེད། ཡིན་ནའང་། གནས་སྤོ་སྐྱབས་བཅོལ་བའི་བཅའ་ཁྲིམས་དེའི་ནང་དམིགས་བསལ་གྱིས་ལྟ་སྐྱོང་ཐོབ་ཆོག་པ་དེ་འདྲའང་ཡོད་འདུག

ཨ་རིའི་སྐྱབས་བཅོལ་ཞིབ་འཇུག་ལྟེ་གནས་ཀྱི་ཕྱི་ལོ་ ༢༠༡༥ ལོའི་སྙན་ཐོ་ཞིག་གི་ནང་དུ། ཨ་རིའི་ནང་གི་གནས་སྤོ་སྐྱབས་བཅོལ་ཁྱིམ་ཚང་གི་བརྒྱ་ཆ་ ༥༡ གིས་སྤྱི་དམངས་ཀྱི་ཁེ་ཕན་ལེན་གྱི་ཡོད་པ་དང་། གནས་སྤོ་སྐྱབས་བཅོལ་མིན་པའི་ཁྱིམ་ཚང་གི་བརྒྱ་ཆ་ ༣༠ ཡིས་མ་གཏོགས་སྤྱི་དམངས་ཁེ་ཕན་ལེན་གྱི་མེད་སྐོར་བརྗོད་ཡོད་འདུག

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་གནས་སྤོ་སྐྱབས་བཅོལ་ཞིབ་འཇུག་ལྟེ་གནས་(Center for Immigration Studies)ཀྱི་སྙན་ཐོའི་ནང་དུ། ཕྱི་ལོ་ ༡༩༩༠ ནས་ཨ་རིའི་ནང་གནས་སྤོ་སྐྱབས་བཅོལ་བའི་གྲངས་འབོར་ལྡབ་ལོག་གིས་མང་དུ་ཕྱིན་ཏེ་མྱུར་ཚད་མཐོན་པོས་འཕར་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོའི་ཞིབ་འཇུག་གྲུབ་དོན་ལྟར་ན། འཛམ་གླིང་གི་རྒྱལ་ཁབ་ཁག་ནས་ཨ་རིའི་ནང་ཁྲིམས་མཐུན་གནས་སྤོ་བ་དང་ཁྲིམས་འགལ་སྐྱབས་བཅོལ་བ་ས་ཡ་ ༤༢.༣ ལྷག་ཡོད་སྐོར་བརྗོད་ཡོད་པ་རེད།

འདི་ལོའི་ལོ་མགོར་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཨ་རིའི་ནང་ཁྲིམས་འགལ་གྱིས་གནས་སྡོད་བྱེད་མཁན་རྣམས་འཛིན་བཟུང་བྱས་ཏེ། རིམ་གྱིས་སོ་སོའི་རྒྱལ་ཁབ་ནང་ཕྱིར་ལོག་གཏོང་བའི་ཁྲིམས་གསར་ལག་བསྟར་བྱས་ཏེ། ཉུང་མཐར་གནས་སྤོ་སྐྱབས་བཅོལ་བ་ ༢༠༠ འཛིན་བཟུང་བྱས་ཏེ་ཁག་ཅིག་ཕྱིར་འཕུད་བཏང་ཡོད་པ་རེད། གཞན་ཡང་། ཨ་རིའི་མི་མང་གི་བདེ་འཇགས་སོགས་ཀྱི་ཆེད་དུ་དམིགས་པར་བརྗོད་དེ་ཁ་ཆེའི་ལུང་པ་ཁག་ ༦ ནས་ཡོང་བའི་གནས་སྤོ་སྐྱབས་བཅོལ་བ་རྣམས་གནས་སྐབས་བཀག་འགོག་དགོས་པའི་དགོངས་འཆར་ཐེངས་གཉིས་ལ་བཏོན་ཡོད་ཀྱང་། མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་རྗེས་ཁྲིམས་ཁང་ནས་བཀག་ཡོད་པ་དང་། སྲིད་འཛིན་ཊོམ་ཕུ་མཆོག་ནས་ཁོང་གིས་མུ་མཐུད་བཀག་སྡོམ་གྱི་ལས་འཆར་དེའི་ཐོག་ནུས་པ་འཐོན་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༢༣

Leave a Reply

2 thoughts on “དཔལ་འབྱོར་ཐོག་རང་མགོ་རང་ཐོན་མིན་ན་ཨ་རིའི་ནང་ཡོང་བཅུག་གི་མིན།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཕོ་ཁྱོ་ག་སྲིད་འཛིན་ཌོ་ནལ་ཊོམ་།
    རང་མི་མང་འཚོ་བའི་མདུན་ལམ་ཆེད་།
    གཞན་མི་རིགས་མཐོང་ཆེན་བཀག་པ་འདི་།
    དོན་ངོ་མ་རང་ས་རང་མིར་དབང་།