རི་ཉིལ་ཏེ་གྲོང་སྡེ་ཞིག་ཡོངས་སུ་མནན།

སི་ཁྲོན་མཱོ་རྫོང་ཁོངས་ཀྱི་རི་ཉིལ་ཏེ་མི་གྲངས་ ༣༠༠ ལྷག་ཡོད་པའི་གྲོང་སྡེ་ཞིག་ཡོངས་སུ་མནན་ཏེ་ད་ལྟའི་ཆར་མི་གྲངས་ ༡༠༠ ལྷག་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག

ཉིན་བསྟུད་མར་ཆར་ཞོད་ཆེན་པོ་བརྒྱབ་པར་བརྟེན། དེ་རིང་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༦ པ་ཙམ་ལ་རི་ཉིལ་ཏེ་སི་ཁྲོན་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་རྟ་དམག་རྫོང་ངམ་རྒྱ་སྐད་དུ་མཱོ་རྫོང་ཁོངས་ཀྱི་ཁྱིམ་ཚང་ ༤༠ ཙམ་ཡོད་པའི་དེ་ཞི་གྲོང་ཚོ་ཞིན་མོ་གྲོང་སྡེ་ཡོངས་སུ་མནན་ཡོད་པ་དང་། ད་ལྟའི་ཆར་མྱུར་སྐྱོབ་རུ་ཁག་དང་ས་གནས་ལས་བྱེད་སོགས་མི་གྲངས་ ༥༠༠ ལྷག་གིས་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན་འདུག

གྲོང་སྡེའི་ལས་བྱེད་པས་གསར་འགོད་པར། གྲོང་སྡེ་དེའི་ནང་ཁྱོན་མི་གྲངས་ ༣༦༤ ཡོད་ཀྱང་། སྐྱེས་པ་དང་བུད་མེད་ལོ་གཞོན་མང་པོ་ཞིག་ས་གནས་གཞན་དུ་ཞོར་ལས་ལ་ཕྱིན་ཡོད་སྟབས། རྒྱུན་སྡོད་བྱེད་མཁན་མང་ཆེ་བ་ཞིག་རྒན་འཁོགས་དང་བུད་མེད། བྱིས་པ་ཡིན་པ་དང་། དེ་རིང་ནི་རེས་གཟའ་སྤེན་པ་ཡིན་པས་སློབ་ཕྲུག་མང་པོ་ཞིག་ཁྱིམ་དུ་བསླེབས་ཡོད་པའི་སྐབས་དང་ཁེལ་ཡོད་སྟབས། དོན་རྐྱེན་བྱུང་སྐབས་གྲོང་སྡེའི་ནང་ཁྱོན་མི་གྲངས་ ༡༠༠ ལྷག་ཡོད་པ་དང་། ད་ལྟའི་ཆར་མི་ ༡༤༡ གར་ཡོད་ཅི་བྱུང་མེད་པར་གྱུར་བ་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་འདུག

ཡུལ་དངོས་སུ་ཡོད་པའི་མྱུར་སྐྱོབ་པ་ཞིག་གིས། གྲོང་སྡེ་ཡོངས་སུ་མནན་ཏེ་རྡོ་དང་འདམ་ཉོག་ལས་མཐོང་རྒྱུ་མི་འདུག་ལ། ཆར་ཞོད་ཆེ་བ་སོགས་ཀྱིས་མྱུར་སྐྱོབ་བྱེད་པར་དཀའ་ངལ་ཆེན་པོ་ཡོད་པ་དང་། ད་ལྟའི་བར་དུ་ཁྱིམ་ཚང་གཅིག་གི་མི་གསུམ་སྐྱོབ་ཐུབ་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༢༤

Leave a Reply