ཁྱེད་རང་ལ་མྱོས་རྫས་དགོས་སམ་མི་ཚེ་དགོས།

དེ་རིང་དྷ་སར་རྒྱལ་སྤྱིའི་མྱོས་རྫས་ངན་གོམས་ཉིན་མོ་སྲུང་གཙི་ཞུས་ཏེ་འཕྲོད་བསྟེན་ལས་ཁུངས་དང་དྷ་སའི་ཚོགས་པ་འགའ་མཉམ་རུབ་ཐོག་རྒྱང་རྒྱུག་འགྲན་བསྡུར་ཞིག་གནང་བའི་ཐོག འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་པའི་གཞུང་ཚོགས་སྒེར་གསུམ་གྱིས་མྱོས་རྫས་ངན་གོམས་སྔོན་འགོག་ལ་ཤུགས་རྒྱག་དགོས་སྐོར་གསུངས་སོང་།

དེ་རིང་རྒྱལ་སྤྱིའི་མྱོས་རྫས་ངན་གོམས་སྔོན་འགོག་གི་ཉིན་མོ་སྲུང་གཙི་དང་སྟབས་བསྟུན། སྔ་དྲོ་ཚོུད་ ༩།༠༠ ཐོག་མེ་གྷན་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་མདུན་ཐང་དུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་། དྷ་ས་ཀུན་ཕན་ལས་ཁུངས། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་གསུམ་ཐུན་མོང་གི་གོ་སྒྲིག་འོག གཙུག་ལག་ཁང་གི་གསུམ་མདོ་ནས་མགོ་བཙུགས་ཏེ་ཕོ་ས་གྷན་ཇི་བརྒྱུད་བོད་ཁྱིམ་ལག་ཤེས་བཟོ་གྲྭ་ནས་ཕྱིར་གཙུག་ལག་ཁང་གི་སྒོ་ཆེན་བར་རྒྱང་རྒྱུག་འགྲན་བསྡུར་ཞིག་གནང་སོང་།

སྐུ་མགྲོན་གཙོ་བོར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དབུས། དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་དང་། དྷ་ས་ཀུན་ཕན་ཚོགས་པའི་འགན་འཛིན་བ་ཚེ་རིང་ལགས་བཅས་ཕེབས་འདུག རྒྱང་རྒྱུག་འགྲན་བསྡུར་ཁྲོད་དྷ་སྟེང་བོད་ཁྱིམ་དང་དྷ་ཤོད་བོད་ཁྱིམ། སུ་ཇ་བོད་ཁྱིམ་དང་ཤེས་རབ་དགའ་ཚལ་སློབ་གླིང་། གྷོ་པ་པུར་དང་ཅོན་ཏཱ་ར་སོགས་སློབ་གྲྭ་ཁག་ ༨ ལྷག་དང་། དྷ་ས་ཁུལ་གྱི་མི་མང་ཁག་ཅིག་བཅས་མཉམ་ཞུགས་གནང་སོང་།

རྒྱང་རྒྱུག་འགྲན་བསྡུར་ཁྲོད། བུའི་གྲས་ནས་དྷ་སྟེང་བོད་ཁྱིམ་སློབ་མ་བསྟན་འཛིན་ཚེ་རིང་ལགས་ཨང་དང་པོ་དང་། སུ་ཇ་བོད་ཁྱིམ་སློབ་མ་སྐལ་བཟང་ཟླ་བ་ལགས་ཨང་གཉིས་པ། ཅོན་ཏཱ་ར་སློབ་གྲྭའི་སློབ་མ་བསོད་ནམས་ཟླ་བ་ལགས་ཨང་གསུམ་པ། ཅོན་ཏཱ་ར་སློབ་གྲྭའི་སློབ་མ་ཨན་ཇུ་མི་ལོ་ (Injumello) ལགས་ཨང་བཞི་བ། ཅོན་ཏཱ་ར་སློབ་གྲྭའི་སློབ་མ་བསྟན་འཛིན་འཇམ་འཕེལ་ལགས་ཨང་ལྔ་བ་བཅས་ཐོབ་སོང་ལ། བུ་མོའི་གྲས་ནས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་བསྟན་འཛིན་ལྷ་མོ་ལགས་ཨང་དང་པོ། སུ་ཇ་བོད་ཁྱིམ་སློབ་མ་པ་སངས་བདེ་སྐྱིད་ལགས་ཨང་གཉིས་པ། དྷ་སྟེང་བོད་ཁྱིམ་སློབ་མ་བསོད་ནམས་བདེ་སྐྱིད་ལགས་ཨང་གསུམ་པ། སུ་ཇ་བོད་ཁྱིམ་སློབ་མ་བསྟན་འཛིན་དཔལ་མོ་ལགས་ཨང་བཞི་བ། སུ་ཇ་བོད་ཁྱིམ་སློབ་ཟུར་མཁའ་འགྲོ་ལགས་ཨང་ལྔ་བ་བཅས་དང་། རྒྱང་རྒྱུག་ཁྲོད་ཀྱི་ལོ་ན་ཆེ་ཤོས་དེ་ལོ་ ༤༥ ཡིན་པའི་དྷ་ས་ཁུལ་དུ་གནས་སྡོད་སྐལ་བཟང་སྟོབས་རྒྱལ་ལགས་དང་། རང་ལོ་ཆུང་ཤོས་དེ་ལོ་ ༩ དང་ཨ་རི་ནས་ཡིན་པའི་བུ་འོད་ཟེར་འཇམ་དབྱངས་ལགས་བཅས་རེད།

རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོར་ཧིན་སྒོར་ ༨༠༠༠ དང་། ཨང་གཉིས་པར་ཧིན་སྒོར་ ༦༥༠༠། ཨང་གསུམ་པར་ཧིན་སྒོར་ ༥༠༠༠། ཨང་བཞི་བར་ཧིན་སྒོར་ ༣༠༠༠། ཨང་ལྔ་བར་ཧིན་སྒོར་ ༢༠༠༠། འགྲན་ཞུགས་མཁན་རང་ལོ་ཆེ་ཤོས་ལ་ཧིན་སྒོར་ ༥༠༠ དང་ལོ་ཆུང་ཤོས་ལ་ཧིན་སྒོར་ ༥༠༠ བཅས་ཡིན་པ་དང་། ཐེངས་འདིའི་རྒྱང་རྒྱུག་ཁྲོད་དྷ་ས་ཁུལ་གྱི་སློབ་ཕྲུག་དང་མི་མང་ ༡༢༧ ལྷག་མཉམ་ཞུགས་གནང་སོང་།

འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས། བོད་མིའི་སྤྱི་ཚོགས་དང་མི་འབོར། དཔལ་འབྱོར་གནས་བབ་གང་ཐད་ནས་ཞེ་དྲགས་ཆེན་པོ་མིན་ཡང་མྱོས་རྫས་སྤྱོད་མཁན་ཚོར་སེམས་ཁྲལ་དང་དོ་སྣང་བྱེད་དགོས་པ་ཞིག་ཆགས་ཡོད་སྟབས། བཀའ་ཤག་རིམ་པས་གནད་དོན་དེའི་ཐོག་འབད་བརྩོན་གནང་བཞིན་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་གཅིག་པུས་ནུས་པ་འཐོན་པ་ཞིག་མིན་སྟབས་ཚང་མས་འགན་མཉམ་འཁུར་གནང་དགོས་པ་གལ་ཆེན་པོ་རེད། ནད་རིགས་གང་ཡིན་ཡང་རྩ་མེད་བཟོ་བའི་ཐབས་ལམ་གལ་ཆེ་ཤོས་སྔོན་འགོག་གི་ཐབས་ལམ་ཆགས་ཡོད་སྟབས། དེ་རིང་འདིར་ནད་རིགས་སྔོན་འགོག་གི་རྒྱང་རྒྱུག་འགྲན་བརྡར་གོ་སྒྲིག་ཞུས་པ་དང་། མྱོས་རྫས་བེད་སྤྱོད་བྱེད་པ་དེས་མྱོས་རྫས་སྤྱོད་མཁན་གང་ཟག་ཙམ་དུ་མ་ཟད་ནང་མི་དང་། སྤྱི་ཚོགས་ཚང་མ་འཕྲོ་བརླག་ཏུ་གཏོང་གི་ཡོད་པ་རེད། ཅེས་སོགས་གསུངས་སོང་།

དྷ་ས་ཀུན་ཕན་ཚོགས་པའི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། མྱོས་རྫས་ངན་གོམས་ཀྱི་དཀའ་ངལ་དེའི་རྐྱེན་པས། གཞོན་སྐྱེས་མང་པོ་ཞིག་དུས་ངེས་མེད་དུ་གྲོངས་འགྲོ་གི་ཡོད་པ་དང་། དྷ་རམ་ས་ལ་གཅིག་པུར་མཚོན་ནའང་འདས་པའི་ལོ་ ༡༢ ནང་མྱོས་རྫས་དང་ཆང་རག་བག་མེད་སྤྱོད་མཁན་ ༤༥ འདས་གྲོངས་ཕྱིན་ཡོད་པ་དང་། དེ་བཞིན་ས་གཞན་དུའང་ལོ་རེར་མི་གསུམ་བཞི་རེ་འདས་གྲོངས་འགྲོ་བཞིན་ཡོད་པ་རེད། མྱོས་རྫས་སྤྱད་དེ་འཕྲོ་བརླག་ཏུ་འགྲོ་མཁན་མང་ཆེ་བ་བོད་ཀྱི་གསོན་རྩ་དང་བོད་ཀྱི་བདག་པོ་རང་ལོ་བཅོ་ལྔ་ཉི་ཤུ་སུམ་བཅུ་ཅན་ཆགས་ཀྱི་ཡོད་སྟབས། གནད་དོན་དེ་སྤྱི་ཚོགས་ཀྱི་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད་པ་རེད། ད་ལྟ་དྷ་ས་ཀུན་ཕན་ཚོགས་པའི་ནང་ཉལ་ཐ་དང་ཆང་རག་སྤྱོད་མཁན་ཕྲུ་གུ་ ༡༧ ཙམ་ཡོད་པ་དང་། དེའི་གྲས་ནས་ཕྲུ་གུ་གཉིས་དྲག་སྐྱེད་ཡག་པོ་བྱུང་སྟེ་ཆང་ས་བརྒྱབ་ནས་ཕྲུ་གུ་ཡང་སྐྱེས་ཡོད་པ་དང་། གཞན་ཕྲུ་གུ་གཉིས་དྲག་སྐྱེད་བྱུང་ནས་ལས་ཁུངས་ནང་ལས་ཀ་བྱེད་བཞིན་ཡོད། དེ་མིན་གཞན་ཚང་མ་ཡོངས་སུ་དྲག་སྐྱེད་བྱུང་མེད་ཀྱང་མྱོས་རྫས་སྤྱོད་རྒྱུ་ཉུང་དུ་ཕྱིན་ཡོད། སྤྱིར་བོད་པའི་སྤྱི་ཚོགས་ནང་ཉལ་ཐ་དང་མྱོས་རྫས་བེད་སྤྱོད་གཏོང་མཁན་མང་ཤོས་སློབ་གྲྭའི་སློབ་ཕྲུག་ཆགས་ཀྱི་ཡོད་སྟབས། དེ་ལ་མང་ཚོགས་དང་ཕ་མས་དོ་སྣང་བྱེད་དགོས་པ་ཞེ་དྲགས་གལ་ཆེན་པོ་རེད། ཅེས་སོགས་བརྗོད་སོང་།

འཕྲོད་བསྟེན་ལས་ཁུངས་ཀྱི་གསལ་བསྒྲགས་ནང་། མྱོས་རྫས་ངན་གོམས་ནི་དེང་སྐབས་རང་རེའི་སྤྱི་ཚོགས་ནང་དཀའ་ཆེ་བའི་རིང་བཞིན་དུ་འགྱུར་བཞིན་ཡོད། བོར་རིགས་ན་གཞོན་མང་པོ་ཞིག་མྱོས་རྫས་ངན་གོམས་ཀྱི་རྐྱེན་པས་འཕྲོ་བརླག་འགྲོ་བ་ཙམ་དུ་མ་ཟད། ནང་མི་དང་བཟའ་ཚང་མང་པོ་ཞིག་ཁ་བྲལ་གཏོང་གི་ཡོད། དེང་སྐབས་ཆང་རག་དང་། སྨན་ཁབ། མྱོས་རྫས་རིགས་འདྲ་མིན་བེད་སྤྱོད་བྱས་རྐྱེན་རང་ཉིད་དང་ནང་མི། སྤྱི་ཚོགས་དང་རྒྱལ་ཁབ་བཅས་ཀྱི་མཚན་མཐོང་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་སྐྱོན་ཤུགས་ཆེན་པོ་བཟོ་ཡི་ཡོད།

ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་བཟུང་བྱས་པའི་ཉེར་ལེན་གྱིས་རང་ཅག་རྣམས་མི་ཡུལ་དུ་དབང་མེད་གྱར་དགོས་བྱུང་བ་དང་། རང་དབང་འཐད་རྩོད་བྱེད་བཞིན་པའི་སྐབས་འདིར་རང་རིགས་ན་གཞོན་གཅིག་འཕྲོ་བརླག་དུ་སོང་ནའང་། དེས་བོད་ཀྱི་རྩ་དོན་སྒྲུབ་བྱར་གྱོང་གུད་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་མ་ཟད། དོ་བདག་སོ་སོའི་གཟུགས་ཁམས་འཕྲོད་བསྟེན་དང་། མི་ཚེའི་མདུན་ལམ། ནང་མི་དང་། སྤྱི་ཚོགས་ཚང་མར་རང་བཞིན་གྱིས་དོ་ཕོགས་ཐེབས་ཀྱི་ཡོད་སྟབས། སློ་ཕྲུག་དང་ན་གཞོན་ཕོ་མོ་རྣམས་ནས་མྱོས་རྫས་དེ་རིགས་བེད་སྤྱོད་རྩ་བ་ནས་མི་གཏོང་བ་དང་། ལྷག་པར་དུ་གྲོགས་ངན་རིགས་སྤངས་ཏེ་མི་ཚེའི་མདུན་ལམ་དང་། ཕ་མ་ཉེ་འབྲེལ། རང་གི་རྒྱལ་ཁབ་ཀྱི་རྩ་དོན་སྒྲུབ་བྱ་རང་དབང་སླར་གསོའི་ཆེད་ཉིན་མཚན་ཀུན་ཏུ་བསམ་ཞིབ་ནན་བཏང་གིས་ན་གཞོན་རྣམས་ནས་མྱོས་རྫས་དེ་རིགས་བེད་སྤྱོད་མི་བྱེད་པའི་དམ་བཅའ་བརྟན་པོ་འཇོག་དགོས།

ན་གཞོན་མྱོས་རྫས་ངན་གོམས་ཅན་མང་པོ་ཞིག་གི་ནང་མིའི་དཔལ་འབྱོར་དཀའ་ངལ་ནང་ལྷུང་བ་དང་། ཤེས་ཡོན་སྦྱོང་རྒྱུའི་གོ་སྐབས་ཆུད་བཟོས། གྲོགས་པོ་དང་དགའ་རོགས་ནང་ཁུལ་དཀའ་རྙོག བཟོད་དཀའ་བའི་ལས་སེམས་དཀའ་སྡུག་ཚད་མེད་མྱོང་བ་ལས་གྲོལ་ཐབས་ནི་མྱོས་རྫས་རིགས་སྤོང་རྒྱུ་ཁོ་ནར་རག་ལས་སྟབས། ཚང་མས་ཡིད་གཟབ་གནང་དགོས་པའི་བོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། མྱོས་རྫས་ངན་གོམས་ཀྱི་རྐྱེན་པས། གྲོགས་པོ་དང་ངོ་ཤེས་ཕན་ཚུན་ཁབ་སོགས་བེད་ལོག་གིས་འགོས་ནད་མཆིན་པའི་གཉན་ཚད་དང་། སྤྱི་ཚོགས་ནང་མྱོས་རྫས་ངན་གོམས་ཅན་ཆེས་མི་ཉུང་བ་ཞིག་ཡོད་པར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟན་ལས་ཁུངས་ནས་མྱོས་རྫས་ངན་གོམས་བཅོས་ཐབས་ཁང་དུ་སྨན་བཅོས་མཐུན་སྦྱོར་གནང་བཞིན་ཡོད་པ་དང་། ༢༠༡༥ དང་ ༢༠༡༦ གཉིས་ནང་ན་གཞོན་མྱོས་རྫས་ངན་གོམས་ཅན་གྲངས་ ༡༥ ལྷག་བཅོས་ཐབས་ཁང་དུ་སྨན་བཅོས་ཆེད་བཏང་ཟིན། ན་གཞོན་དེ་དག་མུ་མཐུད་ཡར་རྒྱས་ཡོང་ཐབས་སུ་སྨན་བཅོས་ཟིན་མཚམས་མི་ཚེའི་མདུན་ལམ་སྟོན་པའི་ལས་རིགས་སྦྱོར་བརྡར་གྱི་གོ་སྐབས་ཀྱང་སྐྲུན་བཞིན་ཡོད། ཕ་མས་ཕྲུ་གུ་ཆུང་བྱིས་པའི་དུས་ནས་བཅུན་ཏེ་མྱོས་རྫས་ཀྱི་སྐྱོན་དང་། དཀའ་སྡུག་སྐོར་ཕྲུ་གུའི་ཀླད་པའི་ནང་བླུག་རྒྱུ་ཧ་ཅང་གལ་ཆེ། ཕ་མ་དང་སྤུན་མཆེད་རྣམས་ནས་རང་གི་ཕྲུ་གུར་དངུལ་འཕངས་སེམས་མེད་པར་སྤྲོད་ཐལ་མི་ཡོང་བ་དང་། ཕྲུ་གུར་དངུལ་སྤྲོད་དགོས་ཆགས་ནའང་། དངུལ་གང་ལ་བེད་སྤྱོད་བཏང་ཡོད་མེད་སྐད་ཆ་འདྲི་རྒྱུ་དང་། རང་གི་ཕྲུ་གུའི་གྲོགས་པོ་སུ་ཡིན་ཤེས་རྟོགས་ཐུབ་པ་དགོས་གལ་ཆེ།

མྱོས་རྫས་ངན་གོམས་ཀྱི་དཀའ་ངལ་འདི་ནི་སྤྱི་ཚོགས་དང་། སྤྱི་སྒེར་གཉིས་ཀྱི་དཀའ་ངལ་ཞིག་ཡིན་སྟབས། ཕ་མ་དང་སྤུན་མཆེད། དགེ་རྒན་དང་རྒན་རབས་པ་ཚང་མས་འགན་འཁུར་ཆ་ཤས་བླངས་ཏེ་བྱིས་པར་ཆུང་དུས་ནས་ངན་གོམས་འདིའི་རིགས་ལས་སྐྱོབ་ཐབས་སུ་བསླབ་བྱ་ལམ་སྟོན་གནང་རྒྱུ་དང་། དེ་བཞིན། གྲོགས་ངན་ལས་འབྲལ་ཐབས་དགོས་པའི་སྐོར་དུས་ནས་དུས་སུ་ལམ་སྟོན་བསླབ་བྱ་སྐྱོན་རྒྱུ་གལ་ཆེ། མྱོས་རྫས་ངན་གོམས་སོགས་ས་གནས་སོ་སོའི་མཁན་བླ་དགེ་བཤེས་དང་། ས་གནས་འགོ་འཛིན། སྤྱི་མི་དང་བརྒྱ་དཔོན། ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས། དགེ་རྒན་ཕ་མའི་ཚོགས་ཆུང་། གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་སོགས་ནས་མི་རིགས་ཀྱི་ལར་ཞེན་འདོར་མེད་ཐོག་གནས་བབ་དང་བསྟུན་ཏེ་ལྟ་རྟོགས་བྱམས་སྐྱོང་གནང་དགོས། ཞེས་སོགས་འཁོད་འདུག

རྒྱང་རྒྱུག་འདྲན་བསྡུར་གྱི་མཇུག་ཏུ། འཕྲོད་བསྟེན་བཀའ་བློན་མཆོག་གིས་རྒྱང་རྒྱུག་ཁྲོད་ཨང་དང་པོ་ནས་ལྔ་བའི་བར་དང་། རང་ལོ་ཆེ་ཤོས་དང་ཆུང་ཤོས་བཅས་ལ་ཨང་རིམ་ལྟར་བྱ་དགའ་གནང་སོང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༢༧

Leave a Reply

One thought on “ཁྱེད་རང་ལ་མྱོས་རྫས་དགོས་སམ་མི་ཚེ་དགོས།