ཁ་ན་ཌར་གཞིས་སྤོར་ལས་གཞིའི་ཁྲོད་མི་ ༤༥ ཡི་ཡིག་ཆར་དཀའ་ངལ་འཕྲད་འདུག

ཁ་ན་ཌར་གཞིས་སྤོར་ལས་གཞིའི་ཁྲོད་ད་ལྟའི་བར་ཁྱོན་མི་གྲངས་ ༩༢༥ ཕར་འབྱོར་ཟིན་ཡོད་པ་དང་མི་གྲངས་ ༢༥ ཡི་ས་མིག་སྟོང་པར་ལྷག་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས་སུ། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ཁོངས་ནས་བོད་མི་ ༡༠༠༠ ཁ་ན་ཌར་གཏོང་བའི་ལས་གཞི་དེ་ད་ལྟ་ག་འདྲ་ཆགས་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། སྤྱིར་བཏང་ཁ་ན་ཌའི་གཞུང་ནས་མི་གྲངས་ ༡༠༠༠ ལེན་རྒྱུ་ཞལ་བཞེས་གནང་ཡོད་ཀྱང་། བུ་གུ་གསར་དུ་སྐྱེས་པ་སོགས་ང་ཚོའི་ཁྱོན་བསྡོམས་ཀྱི་གྲངས་འབོར་མི་ ༡༠༥༤ ཆགས་ཀྱི་ཡོད་པ་དང་།  ད་ལྟའི་བར་དུ་ཁྱོན་བོད་མི་ ༩༢༥ ཁ་ན་ཌར་འབྱོར་ཟིན་པ་དང་། མི་ ༥༠ ལ་གཟུགས་པོར་བརྟག་དཔྱད་དང་དྲི་བ་དྲིས་ལན་སོགས་ཀྱི་ལས་རིམ་འགྲོ་བཞིན་ཡོད་པས། ཟླ་འདིའི་ནང་ངམ་ཡང་ན་ཟླ་རྗེས་མའི་ནང་ཁོ་ཚོ་ཕར་འགྲོ་རྒྱུ་གཏན་འཁེལ་ཡོད་པ་རེད། ཁ་ན་ཌའི་གཞུང་ནས་ངོས་བཞེས་གནང་བའི་མི་གྲངས་ ༡༠༠༠ ལས་ལྷག་མ་ ༢༥ དེ་ས་མིག་སྟོང་པ་རང་བྱས་ནས་ལྷག་ཡོད་པ་དང་།  དེ་བཞིན། ད་ལྟའི་བར་ཁ་ན་ཌའི་གཞུང་ཚབ་ལ་སྙན་ཞུ་ཕུལ་ཟིན་པའི་མི་གྲངས་ ༤༥ ཡི་ཡིག་ཆ་མ་འགྲིག་པར་ལྷག་བསྡད་ཡོད་པ་དང་། ཁོང་ཚོ་མང་ཆེ་བ་ཞིག་མི་གཞིས་ཆགས་དེ་རང་ནས་ཡིན་ནའང་ས་གནས་གཞན་དུ་སློབ་གྲྭར་ཕྱིན་པ་དང་། ལས་ཀ་བྱེད་དུ་སོང་ནས་སྐྱབས་བཅོལ་ལག་དེབ་(R.C) ས་ཆ་གཞན་ནས་བཟོས་བཞག་པ་དེ་འདྲ་ཡིན་སྐོར་བརྗོད་བྱུང་།

གཞིས་སྤོར་ལས་གཞི་དེའི་ཆོད་གན་ནང་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༡ ཉིན་ནས་མི་འགྲོའི་སྙན་ཞུ་འབུལ་བཞེས་མཚམས་འཇོག་རྒྱུ་ཡིན་པ་གསལ་བ་ལྟར་སྙན་འབུལ་གྱི་དུས་ཡུན་རྫོགས་ཟིན་སྟབས། ད་ལྟའི་གནས་སྟངས་ལ་གཟིགས་ན་མ་འོངས་པར་ལྷག་མ་ས་མིག་ ༢༥ དེ་ངོས་བཞེས་ག་ཚོད་ཅིག་གནང་རེ་ཡོད་མེད་དྲིས་པར། ངོས་བཞེས་གནང་ཡོད་པའི་མི་གྲངས་ ༡༠༠༠ ལས་ལྷག་མ་ས་མིག་ ༢༥ དེ་ཁ་སྐོང་དགོས་སྐོར་དེ་སྔོན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཁ་ན་ཌའི་གཞུང་ཚབ་ལ་ཞུས་ཡོད་པ་དང་། ནང་སྲིད་ལས་ཁུངས་ནས་ཀྱང་མུ་མཐུད་གཞུང་ཚབ་ལ་འབྲེལ་བ་ཞུས་ཏེ་མཇུག་སྐྱོང་གནང་བཞིན་ཡོད་ཀྱང་། ག་ཚོད་ཅིག་དོན་དག་སོན་མིན་དང་ངོས་བཞེས་ག་ཚོད་ཅིག་གནང་ཡོང་ད་ལྟ་བཤད་ཚོད་མི་ཐུག་སྐོར་གསུངས་བྱུང་།

གཟུགས་པོར་བརྟག་དཔྱད་གནང་རྗེས་ན་ཚ་མང་ཤོས་དང་ཚབས་ཆེ་ཤོས་འདྲ་བོ་དེ་ག་རེ་ཡིན་དྲིས་པར་ཁོང་གིས། མང་ཆེ་ཤོས་གློ་ནད་(TB)ཀྱི་ནད་རྟགས་དེ་འདྲ་ཡོང་གི་ཡོད་པ་མ་གཏོགས་ན་ཚ་ཚབས་ཆེན་པོ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་དང་། གློ་བའི་ནད་རྟགས་བྱུང་བ་རྣམས་ཀྱིས་སྨན་བསྟེན་ནས་ན་ཚ་སངས་དྲག་བྱུང་རྗེས། བསྐྱར་དུ་བཅར་འདྲིར་སྐད་བཏང་བ་དེ་འདྲ་ཡོང་གི་ཡོད་ས་རེད། ཅེས་གསུངས་བྱུང་།

ཁ་ན་ཌར་འབྱོར་ཟིན་པ་རྣམས་ཀྱི་འཚོ་བའི་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་དྲིས་པར་ཁོང་གིས། ཕར་ན་ཁ་ན་ཌའི་ཚོགས་པ་ཞིག་ནས་རོགས་རམ་གནང་གི་ཡོད་པ་དང་། རིམ་གྱིས་སོ་སོའི་འཚོ་བ་རང་སྐྱོང་བྱས་ནས་བསྡད་དགོས་ཀྱི་ཡོད་པ་རེད། འདི་ནས་ཡིག་ཆ་ཚང་མ་ཚར་བ་དང་རིམ་གྱིས་ཕར་བཏང་སྟེ་ཕར་ན་གཞིས་ཆགས་ཀྱི་ཡོད་པ་དང་། ད་ལྟ་བར་དུ་དཀའ་ངལ་ཆེན་པོ་འདུག་ཅེས་སྙན་གསེང་ཞུས་པ་དེ་འདྲ་གང་ཡང་བྱུང་མེད་སྐོར་གསུངས་བྱུང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༢༦

Leave a Reply