རྒྱ་ནག་གིས་སྐྱབས་བཅོལ་བ་ལེན་རྒྱུར་འདོད་པ་མེད་པའི་རྣམ་འགྱུར་བསྟན།

རྒྱ་ནག་གིས་དཀྱིལ་ཤར་ཡུལ་གྲུ་ཁག་གི་སྐྱབས་བཅོལ་བ་ཚོར་རོགས་དངུལ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་རྒྱལ་མཚམས་བརྒལ་ཏེ་རྒྱ་ནག་ནང་སྐྱབས་བཅོལ་དུ་ལེན་རྒྱུར་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་སེ་རི་ཡའི་(Syria)་དང་དེའི་ཉེ་འཁོར་དུ་དམག་འཐབ་བྱེད་ཀྱི་ཡོད་སྟབས། ས་ཁུལ་དེའི་མི་མང་སྟོང་ཕྲག་མང་པོས་རང་གི་རྒྱལ་ཁབ་དང་ཁྱིམ་ཚང་བཞག་ནས་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་དུ་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་སེ་རཱི་ཡའི་སྐྱབས་བཅོལ་བར་དཔལ་འབྱོར་རོགས་རམ་བྱེད་འདོད་ཡོད་ཀྱང་། རྒྱ་ནག་ནང་སྐྱབས་བཅོལ་དུ་ལེན་འདོད་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག

རྒྱ་ནག་གི་དྲ་ལམ་ཁག་ཏུ་རྒྱ་ནག་གིས་ཀྱང་འཛམ་གླིང་གི་སྐྱབས་བཅོལ་བ་ཚོར་སྣེ་ལེན་བྱེད་དགོས་མིན་སྐོར་ལ་བགྲོ་གླེང་མང་པོ་འབྱུང་བཞིན་ཡོད་འདུག

ཉེ་ལམ་རྒྱ་ནག་གི་ཕྱི་དྲིལ་བློན་ཆེན་ཝང་ཡེ་(Wang Yi)ཡིས་ལཱི་བྷ་ནཱོན་(Lebanon)རྒྱལ་ཁབ་ཏུ་སྐྱོད་སྐབས། རྒྱ་ནག་གི་ངོས་ནས་སྐྱབས་བཅོལ་བ་དེ་དག་ལ་དཔལ་འབྱོར་རོགས་རམ་གང་ཐུབ་བྱ་རྒྱུ་ཡིན་ཚུལ་དང་། དམག་འཐབ་ཞི་འཇགས་བྱུང་ན་ཁོ་ཚོ་རང་ཡུལ་དུ་ལོག་མཁན་ཡིན་སྟབས། རྒྱལ་སྤྱིའི་ཐོག་ནས་ལྟ་རྟོགས་ཡག་པོ་བྱེད་དགོས་སྐོར་སོགས་བརྗོད་ཡོད་འདུག

ད་ལྟ་ལཱི་བྷ་ནཱོན་རྒྱལ་ཁབ་ནང་སེ་རཱི་ཡའི་སྐྱབས་བཅོལ་བ་ས་ཡ་ ༡།༥ ཡོད་པ་དང་། དེ་དག་ལ་དཔལ་འབྱོར་དང་སྡོད་ཁང་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག རྒྱ་ནག་གིས་སྔོན་མ་ནས་སྐྱབས་བཅོལ་བ་མི་ལེན་པའི་ཆབ་སྲིད་ལངས་ཕྱོགས་བཟུང་ཡོད་པ་ལྟར། ད་ལྟའང་སྲིད་བྱུས་དེ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པའི་རྣམ་འགྱུར་བསྟན་ཡོད་འདུག

ཨཱི་རཱན་(Iran)ནང་གོ་རྒྱ་ནག་གཞུང་ཚབ་པ་ཧཱོ་ལེ་མཱན་(Hua Liming)གྱིས། “སེ་རཱི་ཡའི་ནང་གི་ཟིང་འཁྲུག་ཐད་རྒྱ་ནག་གིས་དོ་ཁུར་བྱེད་ཀྱི་ཡོད་ཀྱང་། སེ་རཱི་ཡ་དང་དེའི་ཉེ་འཁོར་གྱི་སྐྱབས་བཅོལ་བ་ཚོར་སྣེ་ལེན་བྱས་ཏེ་སྡོད་དུ་འཇུག་གི་རེད་བསམ་གྱི་མི་འདུག གལ་སྲིད་སྐྱབས་བཅོལ་བ་དེ་དག་རྒྱ་ནག་ཏུ་བསྐྱོད་ཀྱང་། རྒྱ་ནག་དང་སེ་རཱི་ཡའི་བར་ལམ་ཐག་ཧ་ཅང་རིང་པོ་ཡིན་སྟབས་འགྲོ་ཐུབ་ཀྱི་མ་རེད་དྲན་གྱི་འདུག ཁོང་ཚོ་ཨཱ་རཱབ་(Arab)དང་ཡུ་རོབ་སོགས་སྔོན་ཐོན་རྒྱལ་ཁབ་ཁག་ཏུ་སྐྱོད་བཞིན་ཡོད་པ་རེད”ཅེས་བརྗོད་ཡོད་འདུག

དེ་བཞིན། རྒྱ་ནག་གི་རྒྱལ་སྤྱིའི་རིག་པའི་གཙུག་ལག་སློབ་ཁང་དུ་ཡོད་པའི་དཀྱིལ་ཤར་ཡུལ་གྲུའི་པའི་ཆེད་མཁས་པ་སྐུ་ཞབས་ལེ་ཀོ་ཧྭོ་(Li Guofu)ལགས་ཀྱིས་ཀྱང་། རྒྱ་ནག་གི་ཆོས་ལུགས་དང་རིག་གཞུང་། ཆབ་སྲིད་ལམ་ལུགས་སོགས་ནི་སེ་རཱི་ཡ་དང་དཀྱིལ་ཤར་ཡུལ་གྲུ་ཁག་དང་མི་འདྲ་སྟབས། ཁོང་ཚོ་རྒྱ་ནག་ཏུ་སྐྱབས་བཅོལ་ལ་འགྲོ་འདོད་བྱེད་ཀྱི་མ་རེད་ཅེས་བརྗོད་འདུག

ན་ནིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། འཛམ་གླིང་ཐོག་སྐྱབས་བཅོལ་བ་ས་ཡ་ ༢༢།༥ ཡོད་པ་དང་། དེའི་ཁོངས་ཀྱི་ས་ཡ་ ༥།༥ ནི་སེ་རཱི་ཡ་ནས་ཡིན་འདུག རྒྱ་ནག་གཞུང་གིས་ད་སྔ་སྐྱབས་བཅོལ་བའི་ཐོག་དཔལ་འབྱོར་རོགས་རམ་ཨ་སྒོར་ས་ཡ་ ༡༠༢ སྤྲད་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༡ ནང་དཀྱིལ་ཤར་ཡུལ་གྲུའི་སྐྱབས་བཅོལ་བར་རྒྱ་སྒོར་ས་ཡ་ ༢༠༠ སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་འདུག

ཞིབ་འཇུག་པ་ཁ་ཤས་ཀྱིས། རྒྱ་ནག་གིས་དཀྱིལ་ཤར་ཡུལ་གྲུའི་སྐྱབས་བཅོལ་བར་སྣེ་ལེན་བྱེད་འདོད་མེད་པ་དེ་རྒྱ་ནག་ནང་ཁ་ཆེ་དྲག་སྤྱོད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པར་འཇིགས་སྣང་བྱས་པ་རེད་ཟེར། ཉེ་ལམ་རྒྱ་ནག་གི་མི་སེར་གཉིས་པཱ་ཀི་སི་ཐན་(Pakistan)ནང་ཁ་ཆེ་དྲག་སྤྱོད་པས་བཙན་ཁྲིད་བྱས་ཏེ། ཉིན་གཉིས་ཀྱི་རྗེས་སུ་མི་དེ་གཉིས་དམར་གསོད་བཏང་ཡོད་ཚུལ་ཁྱབ་བསྒྲགས་བྱས་ཡོད།

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་པེ་ཅིན་དུ་རྒྱལ་སྤྱིའི་འབྲེལ་ལམ་སྐོར་གྱི་ཚོགས་འདུ་ཞིག་ཚོགས་ཡོད་པའི་སྟེང་། རྒྱ་ནག་གི་ཕྱི་དྲིལ་བློན་ཆེན་གྱི་སྐུ་ཚབ་ཙུང་ཡེ་ཟོ་(Zhang Yesui)ཡིས། དེང་སང་དྲག་སྤྱོད་པའི་ལས་འགུལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། འདི་ལོར་ཁྱོན་བསྡོམས་དྲག་སྤྱོད་པས་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་ ༧༠༠ ལྷག་སྤེལ་འདུག་ལ། ལོ་སྔོན་མར་དྲག་སྤྱོད་ཁྲོད་མི་ ༢༠༠༠༠ འདས་གྲོངས་ཕྱིན་འདུག དེ་བཞིན། ཉེ་ལམ་ཤར་ཊུར་ཀི་སི་ཐན་གྱི་ཁ་ཆེ་སྐོར་ཞིག་གིས་ཤིན་ཅང་(Xinjiang)ནང་དྲག་སྤྱོད་སྤེལ་ཡོད་སྟབས། ང་ཚོས་ངེས་པར་དུ་མཉམ་འབྲེལ་བྱས་ཏེ་འཛམ་གླིང་གི་དྲག་སྤྱོད་རུ་ཁག་ཁ་གཏད་གཅོག་དགོས་ཞེས་བརྗོད་ཡོད་འདུག

༢༠༡༤ ལོར་ཁ་ཆེ་དྲག་སྤྱོད་པའི་མགོ་ཁྲིད་ཨཱ་བྷུ་བྷར་ཨལ་བྷག་དྷ་དཱི་(Abu Bakr al-Baghdadi)ཡིས་རྒྱ་གཞུང་གིས་ཤིན་ཅང་ཡུ་གུར་(Uygur)མི་རིགས་ལ་ཐུབ་ཚོད་གཏོང་གི་ཡོད་པར་ཁ་གཏད་གཅོག་རྒྱུ་ཡིན་ཚུལ་ཉེན་བརྡ་བཏང་ཡོད།

རྒྱལ་སྤྱིའི་དམག་སྡེ་ཚོགས་པ་(International Military Group)ཞེས་པས་རྒྱ་ནག་གཞུང་གིས་དྲག་སྤྱོད་པ་རྩ་མེད་བཟོ་བར་ཤུགས་གནོན་བྱེད་ཀྱི་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། དབྱིན་ཡུལ་གསང་བའི་ལས་ཁུངས་འགན་འཛིན་ཨཱེ་ལེག་བྷུམ་བྲཀ་(Alex Bomberg)ལགས་ཀྱིས་ཀྱང་། “རྒྱ་ནག་གིས་དྲག་སྤྱོད་པར་ཁ་གཏད་གཅོག་གི་མི་འདུག འོན་ཀྱང་། ད་ལྟ་རྒྱ་ནག་ནང་ཁ་ཆེ་དྲག་སྤྱོད་པ་མང་དུ་འགྲོ་བཞིན་འདུག ད་ལྟ་ཧྥི་ལི་པིན་(Philippines)ནང་ཁ་ཆེ་དྲག་སྤྱོད་པས་དཀའ་ངལ་བཟོ་བཞིན་ཡོད་པ་ལྟར། ནམ་ཞིག་རྒྱ་ནག་ཏུའང་དཀའ་ངལ་འཕྲད་ངེས་རེད།”ཅེས་དང་། ད་དུང་། “རྒྱ་ནག་གིས་དྲག་སྤྱོད་པ་སྣང་མེད་གཏོང་གི་ཡོད་པ་དེ། ཁོང་ཚོས་མཐའ་མཇུག་གི་འབྲས་བུ་ངན་པར་རེ་སྒུག་བྱེད་པ་དང་གཅིག་མཚུངས་རེད”ཅེས་བརྗོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༦/༢༦

Leave a Reply