རྒྱ་ནག་གི་སྐུ་ལྕམ་དང་པོ་ཞི་ཅིན་ཕིན་དང་ལྷན་དུ་ཧོང་ཀོང་ནང་བསྐྱོད་འཆར་དེས་ཞི་ཅིན་ཕིན་གྱི་ཧོང་ཀོང་གི་གཟིགས་སྐོར་མཛེས་སྡུག་ལྡན་པ་ཞིག་བཟོ་སྲིད།

རྒྱ་ནག་གི་སྐུ་ལྕམ་དང་པོ་སྲིད་འཛིན་ཞི་ཅིན་ཕིན་གྱི་གཟའ་ཟླ་ཕིན་ལེ་ཡོན་ཟླ་འདིའི་ཚེས་ ༢༩ ཉིན་རང་ཉིད་ཀྱི་ཁྱོ་ག་དང་ལྷན་དུ་ཧོང་ཀོང་ནང་སྐྱོད་རྒྱུ་ཡིན་པ་དང་། འདི་ནི་ཕིན་ལེ་ཡོན་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་མཛད་སྒོར་མཉམ་ཞུགས་བྱས་བ་ཐེངས་གསུམ་པ་དེ་ཆགས་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཟླ་རྗེས་མའི་ཕྱི་ཚེས་ ༡ ཉིན་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་གྱི་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་བུད་མེད་དང་པོ་ཕིན་ལེ་ཡོན་(Peng Liyuan)རང་ཉིད་ཀྱི་ཁྱོ་ག་རྒྱ་ནག་གི་ད་ལྟའི་སྲིད་འཛིན་ཞི་ཅིན་ཕིན་དང་ལྷན་དུ་ཧོང་ཀོང་ནང་བསྐྱོད་རྒྱུ་ཡིན་ཞིང་། ཁོང་མོ་ནི་དེ་སྔ་ནས་ཧོང་ཀོང་གི་ལོ་འཁོར་དུས་དྲན་ཁག་ལ་ཆ་རྒྱུས་མེད་པ་ཞིག་མིན།

རྒྱ་ནག་ནང་མིང་གྲགས་ཡོད་པའི་གཞས་མ་ཕིན་ལེ་ཡོན་གྱིས་ཕྱི་ལོ་ ༢༠༠༧ ལོ་དང་ ༢༠༠༤ ལོ་བཅས་ཀྱི་ཧོང་ཀོང་གི་ལོ་འཁོར་དུས་དྲན་མཛད་སྒོའི་གར་སྟེགས་སྟེང་གླུ་དབྱངས་བླངས་མྱོང་ཡོད་པ་མ་ཟད། ༢༠༠༤ ལོའི་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༧ འཁོར་བའི་མཛད་སྒོའི་སྟེང་སྐུ་ལྕམ་ཕིན་ལེ་ཡོན་གྱིས ༼ ངའི་ཕ་ཡུལ ༽ ཞེས་པའི་རྒྱ་ནག་གི་དམག་མི་ཞིག་གིས་རང་གི་རྒྱལ་ཁབ་དང་ཁྱིམ་ཚང་གི་ཆེད་དུ་འཐབ་འཛིང་བྱས་པའི་གླུ་དབྱངས་སྐད་གྲགས་ཅན་ཞིག་བླངས་ཡོད།

སྐབས་དེར་ལྕམ་ཕིན་ལེ་ཡོན་དང་། གཞན་རྒྱ་ནག་ནང་སྐད་གྲགས་ཡོད་པའི་གཞས་མ་སཱོན་ཊོ་ཡོན་(Song Zuying)། ཡཱན་ཝེ་ཝན་(Yan Weiwen)བཅས་ཀྱིས་ཧོང་ཀོང་ཀོལ་ཟཱིམ་(Coliseum)ཚོགས་ཁང་ཆེན་མོའི་ནང་། རྒྱ་ནག་གི་མི་དམངས་བཅིངས་འགྲོལ་དམག་མི་སྒྱུ་རྩལ་བ་ ༤༠༠ དང་ལྷན་དུ་ལག་ཟུང་སྒྲིལ་ཏེ་རིག་རྩལ་འཁྲབ་སྟོན་བྱས་ཡོད་ཅིང་། མཛད་སྒོའི་མཇུག་སྡོམ་ཐོག་སྐབས་དེའི་ཧོང་ཀོང་སྤྱི་ཁྱབ་ཏོན་ཅིན་ཧཱ་(Tung Chee-hwa)ཡིས་འཁྲབ་སྟོན་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་སྐབས་བརྗོད་དོན། “ ངའི་རེ་བར་ཁྱེད་ཚོ་ལོ་རྟག་པར་འདིར་ཡོང་སྟེ་ང་ཚོར་སེམས་ཤུགས་སྤར་བའི་རེ་བ་ཡོད་”ཅེས་བརྗོད་ཡོད།

ཕྱི་ལོ་ ༢༠༠༧ ལོའི་ཧོང་ཀོང་གི་ལོ་འཁོར་མཛད་སྒོའི་སྟེང་། ཕིན་ལེ་ཡོན་གྱིས་ ༼   ཟླ་འོད་འོག་གི་ཧོང་ཀོང་གི་མཚན་ལྗོངས་ ༽ ཞེས་བའི་གླུ་དབྱངས་ཤིག་བླངས་ཏེ་རྒྱལ་ཁབ་མཐུན་བསྒྲིལ་བྱེད་དགོས་སྐོར་བསྟན་ཡོད་པ་དང་། གླུ་ཚིག་དེའི་ནང་ “མི་ཚོས་བཤད་སྲོལ་ལ། འཇིག་རྟེན་ཆུས་བཀང་ཡང་། ཁྲག་རྒྱུན་ཆུ་ལས་ཟབ་ཟེར་བ་ལྟར། ང་ཚོས་ལྷན་འཛོམས་ཀྱི་བདེ་སྐྱིད་ལ་བརྩེ་བས་རོལ་”ཞེས་དང་། ཡང་གླུ་ཚིག་དེར་ “ང་ཚོས་ཧོང་ཀོང་གི་བཅོ་ལྔའི་ཟླ་བར་བསྟོད་གླུ་འབུལ་” ཞེས་པ་སོགས་བསྟན་ཡོད་ཅིང་། མཛད་སྒོ་མཇུག་སྒྲིལ་བའི་སྟེང་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་(Hu Jintao)ཡིས་གཞས་མ་ཕིན་ལེ་ཡོན་དང་འཁྲབ་སྟོན་པ་ཡོངས་དང་ལྷན་དུ་ཕྱིར་རང་ཉིད་ཀྱི་ཕ་ཡུལ་ཕྱོགས་སུ་སྐྱོད་ཅེས་པའི་གླུ་དབྱངས་མཉམ་ལེན་བྱས་ཡོད་འདུག

གཞས་མ་ཕིན་ལེ་ཡོན་གྱིས་ནམ་རྒྱུན་གསར་འགོད་པ་སོགས་ཀྱི་བཅར་འདྲི་དང་ལེན་བྱེད་ཀྱི་མེད་ཀྱང་། ཕྱི་ལོ་ ༡༩༩༩ ལོར་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཧྥི་ནེག་སི་(Phoenix)བརྙན་འཕྲིན་གྱི་གསར་འགོད་པ་དང་མདོ་འཛིན་པ་སྐུ་ཞབས་ཏའོ་ཝེན་ཐོ་(Dou Wentao)ཡི་བཅར་འདྲི་དང་ལེན་བྱས་ཡོད་པ་དང་། སྐབས་དེར་གསར་འགོད་པས་ཕྱི་གསལ་ནང་གསལ་མིན་པའི་ཁྱོ་ག་ངོ་སྤྲོད་བྱ་དགོས་སྐོར་ནན་འདྲི་བྱས་སྐབས་ཁོ་མོས། “གལ་སྲིད་ཁྱོད་རང་གིས་མི་རླུང་རྟ་ཡར་འགྲོ་ཅན་ཞིག་དང་གཉེན་སྒྲིག་བྱས་ཏེ་ཁོ་བོས་ཁྱེད་རང་ལ་ལམ་སྟོན་བྱེད་ཐུབ་ཚེ་དེ་ནི་ཧ་ཅང་བཟང་བ་མ་ཟད། དམིགས་ཡུལ་དང་ལྡན་པ་ཞིག་རེད། འོན་ཀྱང་། མི་མང་པོ་ཞིག་གིས་བསམ་བློ་དེ་འདྲ་གཏོང་མི་སྲིད་”ཅེས་བརྗོད་ཡོད།

མདོ་འཛིན་པ་ཏའོ་ལགས་ཀྱིས་བསྐྱར་དུ་ཁོ་མོར་ལམ་འགྲོ་ཅན་གྱི་ཁྱོ་ག་ཞིག་རག་ཡོད་མེད་དྲིས་སྐབས་ཁོ་མོས། “ད་ལྟ་ཁྱེད་ཀྱིས་ང་ལ་དྲི་བ་འདི་འདྲི་དགོས་དོན་མེད། ང་དང་ཁྱོ་ག་ངེད་གཉིས་གཉེན་སྒྲིག་བྱས་ཏེ་ལོ་ ༡༠ ལྷག་ཅིག་ཕྱིན་སོང་ལ། ཁྱོད་ཀྱིས་ཀྱང་ངའི་ཁྱོ་ག་མི་ལམ་འགྲོ་ཅན་ཞིག་རེད་བསམ་ན་ཆོག  རྒྱུ་མཚན་ནི། ཁྱེད་ཀྱིས་མཐོང་བ་བཞིན་ང་ལ་བདེ་སྐྱིད་ཀྱིས་ཁེངས་ཡོད་པས་ཡིན་”ཞེས་བརྗོད་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

བསྐྱར་བཅོས།: ༢༠༡༧/༠༦/༢༧

Leave a Reply