རྒྱ་ནག་གིས་འབྲུག་ལ་ཧམ་འཛུལ་བྱས།

འབྲུག་དང་རྒྱ་ནག་མཐའ་མཚམས་ཀྱི་རྩོད་གཞི་ཅན་གྱི་ས་ཁུལ་དུ་རྒྱ་གཞུང་གིས་ལམ་ཀ་རྒྱག་བཞིན་ཡོད་པས་འབྲུག་གིས་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག

རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་རྩོད་གཞིར་གྱུར་བའི་ཧིན་བོད་མཐའ་མཚམས་ཁུལ་དུ་བཙན་འཛུལ་གྱིས་ལམ་ཀ་བཟོ་བཞིན་ཡོད་པ་དང་བསྟུན་འབྲུག་རྒྱའི་རྩོད་རྙོག་ཁུལ་དུའང་ལམ་ཀ་བཟོ་བའི་ལས་གཞི་བརྩམས་ཟིན་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༨ ནས་ད་ལྟའི་བར་འབྲུག་དང་རྒྱ་ནག་གིས་ཐེངས་ ༢༤ ལ་ས་མཚམས་རྩོད་རྙོག་ཐད་གྲོས་མོལ་བྱས་ཡོད་ཀྱང་། དཀའ་རྙོག་ཐག་གཅོད་མ་ཐུབ་པར་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། འབྲུག་གཞུང་གིས་འབྲུག་རྒྱ་གཉིས་ཀྱི་མཐའ་མཚམས་གྲོས་ཆོད་དང་འགལ་བའི་རྒྱ་གཞུང་གི་ལས་གཞི་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཁ་སང་ཧིན་རྡུ་དུས་བབ་ཀྱི་གསར་འགོད་པར་ལྡི་ལིར་གནས་སྡོད་འབྲུག་གི་གཞུང་ཚབ་ཆེན་མོ་རྣམ་རྒྱལ་(V. Namgyal)ལགས་ཀྱིས། རྒྱ་དམག་གིས་འབྲུག་ནུབ་ཕྱོགས་ཀྱི་འཛོམ་དཔལ་རི་(Zom Pelri)ཞེས་པའི་རྫོང་ཁོངས་ཀྱི་དམག་སྒར་ཞིག་གི་ཕྱོགས་སུ་རང་འདོད་ཀྱིས་ལམ་ཀ་རྒྱག་རྒྱུ་མགོ་བརྩམས་ཡོད་སྟབས། འབྲུག་གཞུང་གིས་རྒྱ་ནག་གཞུང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་རྩོད་རྙོག་ཐད་སྐད་ཆ་བཤད་བཞིན་ཡོད་ལ། མཐའ་མའི་ཐག་གཅོད་མ་བྱུང་བར་དུ་མཐའ་མཚམས་ཀྱི་ཞི་བདེ་ལྷིང་འཇགས་རྒྱུན་སྐྱོང་དགོས་པ་དང་། ཕྱོགས་གཅིག་ཁོ་ནས་ས་ཁོངས་ཐག་གཅོད་བྱས་ན་འགྲིག་གི་མེད་ལ། རྒྱ་གཞུང་གིས་ལམ་ཀ་རྒྱག་བཞིན་ཡོད་པ་དེ་རྒྱལ་ཁབ་གཉིས་བར་གྱི་གྲོས་ཆོད་དང་མཐུན་གྱི་མེད་པས་ལས་གཞི་མཚམས་འཇོག་དགོས་པ་དང་། ཕྱོགས་གཉིས་ཀྱི་གྲོས་ཆོད་ལ་འགྱུར་བ་མ་གཏོང་རོགས་ཞེས་བཤད་ཡོད་ལ། འབྲོག་ལམ་(Doklam)ཁུལ་ནི་འབྲེལ་མཚམས་གསུམ་གྱི་ཐག་ཉེ་སར་ཡོད་པའི་འབྲུག་རྒྱ་གཉིས་ཀྱི་རྩོད་རྙོག་ཅན་གྱི་ས་ཆ་ཞིག་ཡིན་སྐོར་བརྗོད་འདུག

ཁ་སང་རྒྱ་ནག་གཞུང་གི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་གར་གྱི་གསར་འགོད་པ་ཞིག་གིས་རྒྱ་དཀར་ནག་བར་གྱི་ས་མཚམས་རྩོད་གཞིར་གྱུར་བའི་འབྲོག་ལམ་(Doklam)ཞེས་པའི་ས་ཁུལ་དེ། རྒྱ་ནག་དང་འབྲུག་བར་གྱི་རྩོད་རྙོག་ཡོད་པའི་ས་ཁུལ་ཞིག་ཡིན་སྐོར་བརྗོད་ཀྱི་ཡོད་པ་དེ་དངོས་གནས་ཡིན་མིན་དྲིས་པར་ཕྱི་འབྲེལ་མགྲིན་ཚབ་པ་ལི་ཁང་གིས། འབྲོག་ལམ་ས་ཁུལ་ནི་འདས་པའི་ལོ་རྒྱུས་ནང་ནས་བཟུང་རྒྱ་ནག་གི་མངའ་ཁོངས་ཡིན་སྟབས། འབྲུག་གི་ཁོངས་སུ་གཏོགས་ཀྱི་མེད་ལ། རྒྱ་གར་ལའང་འབྲེལ་བ་གང་ཡང་ཡོད་པ་མ་རེད། སྤྱིར་བཏང་རྒྱ་ནག་དང་འབྲུག་གཉིས་ཀྱི་ས་ཁོངས་ལ་དབྱེ་མཚམས་གསལ་པོ་མེད་ཀྱང་། ཕྱོགས་གཉིས་ནས་ཞི་མོལ་གྱི་ཐབས་ལམ་ལ་བརྟེན་ནས་མཐའ་མཚམས་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ལ། འབྲུག་རྒྱ་བར་གྱི་གནད་དོན་ནང་རྒྱལ་ཁབ་གཞན་གང་ལའང་སིམ་འཛུལ་བྱེད་པའི་དབང་ཆ་ཡོད་པ་མ་རེད། གལ་སྲིད་གནད་དོན་དེའི་བར་རྒྱ་གར་འཛུལ་བ་ཡིན་ན་འབྲུག་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་བཀུར་མ་ཞུས་པ་ཞིག་ཡིན་སྟབས། རྒྱ་ནག་ཕྱོགས་ནས་གནས་ཚུལ་དེ་འདྲ་བྱུང་བ་མཐོང་འདོད་མེད་ལ། འབྲུག་ནི་རྒྱལ་སྤྱིའི་ཐོག་ངོས་འཛིན་ཐོབ་པའི་བདག་དབང་ཡོངས་སུ་ལོངས་སྤྱོད་བྱེད་བཞིན་པའི་རྒྱལ་ཁབ་ཅིག་རེད། ཅེས་བརྗོད་འདུག

                                                                        གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༢༩

Leave a Reply

2 thoughts on “རྒྱ་ནག་གིས་འབྲུག་ལ་ཧམ་འཛུལ་བྱས།

  1. འབྲུག་གི་བློན་པོ་སྐོར་ཞིག་གིས་བོད་པ་སྐྱབས་བཅོལ་བ་མགོན་མེད་དཔུང་མེད་སྐོར་ཞིག་ལ་མ་ཉེས་ཁ་ཡོགས་དང་ཉེས་ཁྲིམས་གཅོད་སྐབས་ཀྱི་གདུག་རྩུབ་དེ་ད་རྒྱ་ནག་ལ་སྟོན་ཐུབ་ན་བཟང་གི་རེད། དེ་མ་ཐུབ་དུས་བོད་པ་སྐྱབས་བཅོལ་བ་མི་འབུམ་གཅིག་ལྷག་དེ་ལའང་ངོ་ཚ་དགོས་པ་ཞིག་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    དེ་སྔ་བོད་ས་མ་ཤོར་སྔོན་འབྲུག་དང་རྒྱ་གར་དང་ནེ་པལ་བཅས་ལ་བོད་ཀྱི་ས་སྦྲེལ་ཡོད་པ་ལས་རྒྱ་ནག་དང་ས་སྦྲེལ་མེད་པ་དང་ཕྱི་ལོ་1959
    ལོར་རྒྱ་མིའི་བོད་ཐོག་དྲག་གནོན་གྱིས་བོད་ས་ཤོར་ནས་བཟུང་རྒྱ་གར་དང་ནེ་པལ་འབྲུག་བཅས་ལ་རྒྱ་ནག་གི་ས་སྦྲེལ་ལ་སྙད་ནས་རྩོད་གླེང་བྱེད་བཞིན་པ་ནི་བཙན་རྒྱལ་རིང་ལུགས་པའི་རྒྱ་བསྐྱེད་བཙན་གནོན་གྱི་སྲིད་ཇུས་ཞིག་ཡིན་པ་དང་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཞིག་སླར་གསོ་མ་ཐུབ་ཚེ་བོད་ཙམ་མིན་པ་བོད་ཀྱིས་ཁྱིམ་ཚེས་རྒྱལ་ཁབ་ཁག་གི་ས་མཚམས་བདག་དབང་ལ་འང་རྒྱ་ནག་གུང་ཁྲན་རིང་ལུགས་པས་བཙན་འཛུལ་བྱ་རྒྱུ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་མ་རེད་དམ་???