རྒྱ་ནག་གི་ཉེན་ཚབས་ཅན་གྱི་ལས་གཞི་རྒྱུད་གཅིག་ལམ་གཅིག་ལ་དགག་བྱ་དང་གནོན་ཤུགས་སྤྲོད་རོཊ།

༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་གོ་སྐབས་བརྒྱུད་བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་སྲིད་འཛིན་གོང་མ་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་མཆོག་ལ་མཇལ་འཕྲད་ཞུས་པ་ལྟར་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཀྱང་གང་མགྱོགས་མཇལ་འཕྲད་ཡོང་བའི་འབོད་སྐུལ་ཞུས་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༨ ཐོག་༧གོང་ས་སྐྱབས་མགོན་པོ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས ༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གཞུང་འབྲེལ་ཐོག་སྲུང་གཙི་ཞུས་ཏེ། བཞུགས་སྒར་དྷ་རམ་ས་ལའི་ལྷ་རྒྱལ་རིར་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང་། དར་ཆེན་ན་བཟའ་སྒྲོན་འབུལ་དང་འབྲེལ་ལྷ་བསང་ཕུལ། ཆུ་ཚོད་ ༡༠ པ་ཐོག་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ། སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་བཟོ་ལས་བློན་ཆེན་སྐུ་ཞབས་ཀི་ཤན་ཀཱ་་པུར་ (Kishan Kapoor) མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤི་རི་ནི་ནོང་ཨེ་རིན་(Shri Ninong Ering) མཆོག  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དབུས་དང་སྲི་ཞུ་ལས་བྱེད་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ཉེ་འཁོར་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག དེ་བཞིན་དྷ་ས་ཁུལ་དུ་གནས་སྡོད་སེར་སྐྱ་མི་མང་དང་ཕྱོགས་ཡོང་ཡུལ་སྐོར་བ་སོགས་མི་གྲངས་ ༣༠༠༠ བརྒལ་བ་ལྷན་འཛོམས་ཀྱིས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་སོང་།

དེ་ཡང་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མིན་པའི་མཐོ་རིམ་ཉམས་ཞིབ་མཐར་ཕྱིན་པ་ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་དང་། སཱ་རའི་ལོ་རྒྱུས་སློབ་ཚེ་དབང་སྟོབས་ལགས།  སྐལ་བཟང་ཉི་མ་ལགས་བཅས་ལ་ལག་ཁྱེར་གནང་སོང་། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་<<བོད་ཀྱི་འདས་མ་ད་གསུམ་>>Tibet’s Past, Present and Future  )ཞེས་པའི་དཔེ་དེབ་གཅིག་དང་། ཕྱི་དྲིལ་རྒྱ་ཡིག་ཚན་པའི་<<བོད་ཀྱི་ལོ་རྒྱུས་ལ་ཡུད་ཙམ་བལྟ་བ>>་ (Glimpse on the History of  Tibet )། ཕྱི་དྲིལ་ཁོར་ཡུག་ཚན་པའི་ཕྱི་ལོ་ ༡༩༨༧   ནས་ཕྱི་ལོ་ ༢༠༡༧ བར་༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བཀའ་སློབ་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་གཅིག  གཞན་ཡང་། ནོར་ཝེ་རོགས་ཚོགས་ (Norwegian Church Aid )ཀྱི་མཐུན་འགྱུར་འོག་བཟོ་བསྐྲུན་བྱས་པའི་འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་ཚན་རིག་སློབ་ཚན་བརྙན་ཁྲིད་མཐེབ་སྡེར་ཁག་གསུམ་བཅས་དབུ་འབྱེད་གནང་སོང་། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་འགན་འཛིན་སྡེ་ཚན་ནས་ནང་སྲིད་ཁྱབ་ཁོངས་ཀུ་ལུ་ས་གནས་འགོ་འཛིན་བསྟན་འཛིན་སྣང་བ་ལགས་དང་། ལས་བྱའི་སྡེ་ཚན་ནས་ནང་སྲིད་ཁྱབ་ཁོངས་ཌལ་ཧོར་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་གཉིས་ལ་གཟེངས་རྟགས་བཅས་གནང་བ་དང་འབྲེལ། དགའ་དད་སྤྲོ་གསུམ་གྱིས་བོད་ཀྱི་ཟློས་གར་ཚོགས་པ་དང་ཉེ་འཁོར་སློབ་གྲྭ་ཁག དེ་བཞིན་ཨ་རིའི་བྱང་ཁ་ལི་ཧྥོ་ནི་ཡ་བོད་རིགས་ཚོགས་པའི་སློབ་ཕྲུག་བུ་མོ་བཞི་དང་། བོད་ཆོལ་ཁ་གསུམ་གྱི་ཚབ་མཚོན་གཞས་སྣ་འཁྲབ་སྟོན་པས་གཞས་དང་ཞབས་བྲོ་སྣ་ཚོགས། དེ་བཞིན་བོད་སོག་མཆོད་ཡོན་གྱི་འབྲེལ་ལམ་བྱུང་སྟངས་སྐོར་གྱི་ཟློས་གར་བཅས་གཟིགས་འབུལ་ཞུས་སོང་། 

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ཡིག་ཐོག་ནས་སྒྲོགས་སྦྱངས་གནང་བའི་ནང་དུ།དེ་རིང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་ཀྱི་དགའ་དད་སྤྲོ་གསུམ་ངང་༸སྐུ་ཡི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ལམ་ནས་མགོན་པོ་གང་གི་ཀུན་ཁྱབ་མཛད་འཕྲིན་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཞིང་། བླང་དོར་ལམ་སྟོན་མཛད་པ་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་བཅས་ནི་༸སྐུ་ཡི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་དགོས་དོན་སྙིང་པོ་ཆགས་ཡོད།

༸རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་ནས་བཟུང་བོད་ལྗོངས་ལུགས་ཟུང་གི་མངའ་དབང་བདག་གིར་བཞེས་ཏེ་བོད་འབངས་སྐྱེ་འགྲོ་རྣམས་ཆོས་སྲིད་ལུགས་གཉིས་ཀྱི་མངའ་ཐང་རྒྱས་པར་མཛད། ཁྱད་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་འབངས་སྐྱེ་འགྲོའི་བདེ་ཐབས་སླད་བོད་ཀྱི་ཆབ་སྲིད་ལམ་ལུགས་སྐྱོང་ཕྱོགས་ལ་བཅོས་བསྒྱུར་རླབས་པོ་ཆེ་མཛད་རྒྱུའི་ཐུགས་འདུན་ཤུགས་དྲག་དང་བཅས་དབུ་འཛུགས་མཛད་ཀྱང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་བཟུང་བྱས་པར་བརྟེན་རྒྱ་གར་འཕགས་པའི་ཡུལ་དུ་བོད་མི་འབུམ་ཕྲག་ལ་ཉེ་བ་བཅས་བཙན་བྱོལ་དུ་མ་ཕེབས་ཐབས་མེད་དུ་གྱུར། རྒྱ་གར་འཕགས་པའི་ཡུལ་དུ་༸ཞབས་སོར་འཁོད་མ་ཐག་བོད་མིའི་སློབ་གྲྭ་ཁག་དང་། དགོན་སྡེ་ཁག དེ་བཞིན་གཞིས་ཆགས་སོགས་ཆེད་འཛུགས་མཛད་ཅིང་། ལྷག་པར་ཕྱི་ལོ་ ༡༩༦༠ ཐམ་པའི་ལོར་བཙན་བྱོལ་བོད་གཞུང་དེ་བཞིན་མང་གཙོའི་ལམ་ལུགས་ཐོག་ཁྲིད་གནང་མཛད་རྒྱུའི་ཐུགས་ཀྱི་བཞེད་དགོངས་ལྟར། མི་མང་གི་འཐུས་མིའི་འོས་འདེམས་སོགས་རིམ་བཞིན་མང་གཙོའི་ལམ་སྲོལ་ཐོག་ཕེབས་གནང་མཛད་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་དང་། དེ་ནས་ཕྱི་ལོ་ ༢༠༡༡ ལོ་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་པ་སོགས་སྐབས་དུས་ལས་མ་ཡོལ་བར་བཀའ་དྲིན་བསྐྱངས་པ་དང་། མདོར་ན་བོད་དང་བོད་མིའི་འཕྲལ་ཕུགས་བདེ་ཐབས་བཅས་ཀྱི་རྨད་བྱུང་མཛད་བཟང་ཉིན་མཚན་དུས་དྲུག་ཀུན་ཏུ་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པར་དེ་རིང་གི་གོ་སྐབས་འདི་བརྒྱུད་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་གང་ཉིད་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ། ཞེས་གསུངས་འདུག

ཡང་གསུང་བཤད་ནང་། དེང་གི་ཆར་ཡང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་རྒྱུའི་རྟགས་མཚན་མ་མངོན་ཁར། ད་དུང་བོད་ཀྱི་ས་ཕྱོགས་གང་སར་འགྲོ་འོང་སོགས་ལ་དམ་དྲག་ཆེ་རུ་འགྲོ་བཞིན་པ་དང་། མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་འཛིན་ཏེ། གནད་དོན་ཆུང་ཙག་ལའང་ས་གནས་ཉེན་རྟོག་པས་བོད་མིར་རྡུང་རྡེག་ཚོད་མེད་བཏང་བ་མ་ཟད། མཐོང་ཆུང་དང་བརྙས་བཅོས་བྱས་པ་གྲངས་ཀྱིས་མི་ལངས་པ་ཡོད། འདི་རིགས་ནི་རྒྱ་ནག་གི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་དང་། ཁྲིམས་ལུགས་གཅིག་གྱུར་གྱི་ལག་བསྟར་ཇི་བཞིན་མེད་པ་དབྱེ་འབྱེད་ཀྱི་རྣམ་པ་གསལ་པོ་ཐོན་བཞིན་ཡོད། རྒྱ་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་གང་ཅིའི་རང་དབང་བདེ་སྐྱིད་མེད་པར། བོད་ནང་ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༨ བར་སྐྱ་སེར་ཕོ་མོ་ ༡༤༩ ཙམ་གྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་སྟེ། “རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། “ཞེས་སོགས་འབོད་ཚིག་སྒྲོག་སྟེ་ལུས་སྲོག་བློས་གཏོང་གནང་ཡོད། ཁོང་རྣམ་པའི་ལུས་སྲོག་བློས་གཏོང་གནང་བའི་མཛད་རྗེས་དེ་དག་རྗེས་མེད་དུ་འགྲོ་མི་སྲིད་ལ། གཞིས་བྱེས་བོད་མི་ཡོངས་ཀྱི་ཁོང་རྣམས་ཀྱི་མངོན་འདོད་སྒྲུབ་རྒྱུར་འབད་རྩོལ་སྔར་ལྷག་ཞུ་དགོས་རྒྱུ་གལ་ཆེ་ཞིག་ཆགས་ཡོད།

བར་ལམ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་དཔལ་འབྱོར་གོ་ལ་གཅིག་འགྱུར་གྱི་ལས་དོན་སྣེ་འཁྲིད་བྱ་རྒྱུའི་ཐབས་ཤེས་འོག་རྒྱུད་གཅིག་ལམ་གཅིག་ཟེར་བའི་གཞི་རྒྱ་ཆེ་བའི་འཛུགས་བསྐྲུན་ལས་འཆར་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་ཚོགས་འདུ་ཟེར་བ་ཞིག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འདི་ལོའི་ཟླ་ ༥ པའི་ནང་ཉིན་གཉིས་རིང་ཚོགས་ཡོད་པ་འདིར་འཛམ་གླིང་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་མང་པོ་མཉམ་ཞུགས་དང་། རྒྱལ་ཁབ་ ༦༥ ཙམ་ནང་ལག་བསྟར་བྱ་རྒྱུ་ཡིན་གནས་དང་། ལས་འཆར་དེ་བརྒྱུད་འཛམ་གླིང་མི་མང་བརྒྱ་ཆ་ ༦༠ ཙམ་ནས་བེད་སྤྱོད་ཐུབ་པའི་རྒྱ་ནག་གི་དཔལ་འབྱོར་རྒྱབ་བརྟེན་བྱས་པའི་མཚོ་ཁའི་འབབ་ཚུགས་དང་། མེ་འཁོར་ལྕགས་ལམ། གཞུང་ལམ་དང་བཟོ་གྲྭའི་སྤྱི་གླིང་མང་པོ་ཞིག་གསར་རྒྱག་འཛུགས་སྐྲུན་བྱས་ཏེ་ལྷོ་ཤར་ཨེ་ཤེ་ཡའི་ཚོང་ལམ་དེ་དག་བོད་བརྒྱུད་འགྲོ་དགོས་པའི་མེ་འཁོར་ལྕགས་ལམ་སོགས་འཛུགས་སྐྲུན་བྱ་འཆར་ཡོད་པ་དེ་དག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཤུགས་ཆེར་ཐེབས་རྒྱུ་ཉག་གཅིག་ལ་སོང་། ཉེན་ཚབས་ཅན་གྱི་ལས་གཞི་དེ་དག་ལ་རྒྱལ་སྤྱིའི་ཁྱོན་ནས་ཀྱང་དགག་བྱ་དང་། གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་འདུག

གསུང་བཤད་ཀྱི་མཇུག་ཏུ། རིང་མིན་ཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༡༩ པའི་ཐོག་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནས་བབ་སྤྱི་དང་། ལྷག་པར་བོད་དང་འབྲེལ་བའི་ཆབ་སྲིད་ཀྱིས་གནད་དོན་རྣམས་ལ་བསྐྱར་ཞིབ་དང་། རྗེས་འབྲས་ཇི་འབྱུང་ལ་རྒྱལ་སྤྱིའི་ཁྱོན་ནས་དོ་སྣང་དང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་རེ་བ་འཆང་བཞིན་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་གནད་དོན་ཞི་བའི་ཐོག་སེལ་ཐབས་ཀྱི་སྲིད་བྱུས་དོན་དངོས་དང་མཐུན་པ་ཞིག་ཡིན། དེའི་ཐབས་ལམ་གྱིས་བོད་མིའི་གཞི་རྩའི་དགོས་མཁོ་སྒྲུབ་ཐུབ་པ་དང་ཆབས་ཅིག་རྒྱ་ནག་གི་མཐུན་སྒྲིལ་དང་། བརྟན་ལྷིང་ལ་གནོད་གཞི་མེད་པ་རྒྱ་ནག་ལའང་ཕན་ཐོགས་ཡོད་པ་ཞིག་བསྐྲུན་ཐུབ་ཀྱི་ཡོད་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབར་གྲོས་མོལ་ཡོང་ཐབས་སུ་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ཀྱིས་མཁྲེགས་འཛིན་གྱི་རྣམ་པ་དོར་ཏེ་གོ་སྐབས་དམ་འཛིན་གྱིས་གྲོས་མོལ་བསྐྱར་དུ་ཡོང་ཐབས་སུ་འབད་བརྩོན་སྔར་ལྷག་གནང་དགོས་ཀྱི་འབོད་སྐུལ་བསྐྱར་ནན་བྱ་རྒྱུ་ཡིན།
ཉིན་ཤས་གོང་ཨ་རིའི་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སོགས་གནད་ཡོད་མི་སྣ་མང་པོས་དུས་ཚོད་སྔར་སྣུར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་གནང་བར་བཅས་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་འབྲེལ་ཡོད་ཚང་མར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་འདུག

སྲིད་ཚབ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་བཀའ་ཤག་གི་གསུང་བཤད་ཡིག་ཐོག་ནས་སྒྲོགས་སྦྱངས་གནང་བའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་གི་འགོ་འཁྲིད་གཞན་སུ་ཞིག་དང་མི་འདྲ་བ་མ་ཟད་བསྡུར་ཐབས་ཀྱང་མེད་པའི་དབུ་འཁྲིད་ཁྱད་དུ་འཕགས་པ་ཞིག་ཡིན། དེ་ཡང་འཕགས་མཆོག་སྤྱན་རས་གཟིགས་མིའི་རྣམ་པར་བྱོན་པ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བོད་མི་རིགས་དང་ཚེ་རབས་ནས་ཚེ་རབས་ལས་དང་སྨོན་ལམ་གྱི་འབྲེལ་བ་དམ་ཟབ་ཡོད་པ་དང་། ཁྱད་པར་བོད་མི་རིགས་ཆགས་འཇིག་དང་ཛ་དྲག་གི་གནས་སུ་གྱར་བའི་སྐབས་སུ་༸རྒྱལ་དབང་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་བོད་ཤར་ཕྱོགས་ཨ་མདོའི་སྟག་འཚེར་གྲོང་གསེབ་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་བོད་ཤིང་ཕག་ཟླ་བ་ ༥ ཚེས་ ༥ ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་ཤིང༌། མི་རིང་བར་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུས་ཏེ་ཕྱི་ལོ་ ༡༩༤༠ བོད་ལྕགས་འབྲུག་ལོར་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བ་དང་། དགུང་ལོ་བཅུ་དྲུག་ཐོག་གངས་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་ཀྱི་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་ཏེ། ཐབས་མཁས་འཕྲུལ་མཛངས་ཀྱི་སྒོ་ནས་ལོ་ངོ་བཅུ་ཙམ་རིང་གུ་ཤངས་བསྟུན་མཁས་ཀྱིས་འབད་བརྩོན་རིམ་པ་གནང་ཡང་རྒྱ་ནག་གཞུང་གིས་དྲག་གནོན་ཇེ་ཆེར་བཏང་བར་བརྟེན། མཐར་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡང་། བོད་མི་རིགས་གསོན་གནས་དང་རང་དབང་སླར་གསོའི་ཆེད་དུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་བོད་མིའི་ངོ་བོ་དང་། བོད་ཀྱི་ཆོས་རིག སྐད་ཡིག གོམས་གཤིས་སྲུང་སྤེལ་དང་། བོད་ཀྱི་བདེན་དོན་འཐབ་རྩོད་ལ་འཛམ་གླིང་ནང་རྒྱབ་སྐྱོར་ཚད་མཐོ་བསྐྲུན་གནང་མཛད་པ། ལྷག་དོན་དུ་སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་སུ་བོད་མིའི་ཆོས་སྲིད་དང་ཆིག་བསྒྲིལ་གྱི་གོང་བུ་གཅིག་གྱུར་ནུས་པ་ལྡན་པ་ཡོད་པ་ཉམས་དམས་སུ་སོང་བ་དེ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སླར་ཡང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཆིག་བསྒྲིལ་གྱི་ནུས་པ་ཡང་རྩེར་སོན་ཐུབ་པ་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་དབར་ཐུགས་མཐུན་དམ་གཙང་འབྱུང་ཐུབ་པ་བཅས་བོད་མི་རིགས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་རྨད་བྱུང་གི་མཛད་བཟང་དེ་དག་ནི་༸རྒྱལ་དབང་སྐུ་གོང་མ་རྣམས་ཀྱི་མཛད་པ་ཡོངས་རྫོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་ལྷག་པའི་མཛད་རྗེས་རླབས་ཆེན་དེ་དག་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་དང་བཀའ་དྲིན་གྱི་ཆ་ཙམ་གཞལ་ཆེད་དགའ་གུས་ཆེན་པོའི་དེ་རིང་གི་དུས་ཆེན་ཁྱད་པར་ཅན་འདི་སྲུང་བརྩི་ཞུ་བཞིན་ཡོད། འོན་ཀྱང་གཞིས་བཞུགས་བོད་མི་རྣམས་ལ་ང་ཚོ་རང་དབང་ལུང་པ་ལྟར་སྲུང་བརྩི་ཞུ་བའི་གོ་སྐབས་བྲལ་བར་བརྟེན་མགོན་པོ་མཆོག་གི་གསེར་ཞལ་རང་ཉིད་ཀྱི་ཡིད་ལ་བསྒོམས་ནས་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་གསེར་ཞལ་མགྱོགས་ནས་མྱུར་དུ་མཇལ་བའི་སྨོན་ལམ་བཏབ་པ་སོགས་རྣམ་པ་མི་འདྲ་བའི་ཐོག་ནས་སྲུང་བརྩི་ཞུ་བཞིན་ཡོད། ཅེས་གསུངས་སོང་།

ཡང་གསུང་བཤད་ནང་།༸གོང་ས་མཆོག་གི་མཛད་རྗེས་དེ་དག་ལ་འཛམ་གླིང་ཕྱོགས་ཀུན་ནས་ཡི་རངས་ཏེ་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་གཟེངས་བསྟོད་གྲངས་ ༡༥༠ བརྒལ་བ་འབུལ་བཞེས་བྱུང་ཡོད་པ་དང་། གླིང་ཆེན་དྲུག་གི་རྒྱལ་ཁབ་ ༧༠ ཙམ་ལ་༸ཞབས་ཀྱི་པད་མོ་རྣམ་པར་བཀོད་དེ་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ཐོག་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་བཅས་མཚན་སྙན་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་བཞིན་པ་ལ་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་འགོག་རྐྱེན་བཟོ་ཐབས་ཀྱི་ལས་འགུལ་ཇི་འདྲ་ཞིག་བརྩམས་ཀྱང་དོན་འབྲས་སོན་རྒྱུའི་ཚབ་ཏུ་རྒྱ་ནག་གཞུང་དང་དེའི་རྒྱུགས་ཁྱི་ཚོ་རང་ཉིད་ངོ་གནོང་དགོས་པ་ཆགས་བཞིན་པ་ནི་ས་རིས་ཐང་གསལ་དུ་གྱུར་ཡོད། ༸གོང་ས་མཆོག་འཛམ་གླིང་ས་ཕྱོགས་གང་དུ་ཕེབས་ཀྱང་མི་མང་ཁྲི་ཚོ་མང་པོ་༸མགོན་པོ་མཆོག་ག་ལ་བ་དེར་བསྙེགས་ཏེ་ལེགས་བཤད་དང་བཟང་པོའི་བཀའ་སློབ་ལམ་སྟོན་ཞུ་བར་དགའ་གུས་ཆེན་པོའི་ངང་འདུ་བཞིན་པ་དཔེར་ན། འདི་ལོ་ཕྱི་ཟླ་ ༤ པའི་ནང་མོན་རྟ་དབང་གཙོ་བཟུང་གིས་རྒྱ་གར་བྱང་ཤར་གྱི་ས་ཁུལ་ཁག་དང་། དེ་བཞིན་ཕྱི་ཟླ་ ༦ པའི་ནང་ཨ་རིའི་མངའ་སྡེ་ཁེ་ལི་ཕོར་ཎི་ཡའི་སན་ཌཱི་གྷོ་གཙུག་ལག་ཁང་གི་སློབ་ཐོན་མཛད་སྒོ་སོགས་ཨ་རི་ཁུལ་གྱི་ཆིབས་བསྒྱུར་ཁག་ནས་གསལ་རྟོགས་ཐུབ་རྒྱུ་ཡིན་ན་ཞིབ་རྒྱས་ཞུ་གལ་མ་མཐོང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་སྤྱི་དང་ལྷག་པར་བོད་མི་རྣམས་ལ་ཐུགས་བརྩེས་བསྐྱངས་པའི་སྐུ་དྲིན་ནི་བརྗོད་ནུས་བྲལ་བ་མ་ཟད། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ནོར་བདུན་གྱིས་བསྐངས་ཀྱང་གཞལ་མི་ཐུབ་པ་ཞིག་ཡིན། བོད་དང་བོད་མི་རིགས་གཉན་འཕྲང་ཆེ་བའི་དུས་སྐབས་འདི་ལྟ་བུའི་སྐབས་ཁོང་ལྟ་བུའི་དབུ་འཁྲིད་ཞིག་ཕེབས་པ་ནི་རང་ཅག་ཁ་བ་རི་པ་རྣམས་ཀྱིས་ལས་སྨོན་བསོད་སྐལ་དང་། ལྷག་པར་༸རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་གིས་ཐུགས་འགན་རྐང་བཞེས་ཀྱིས་༸རྒྱལ་དབང་སྐུ་གོང་མས་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས་པར་ཡང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། མདོར་ན་བོད་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འཕྲིན་ལས་ཁོ་ནར་རག་ལུས་ཡོད་པས་མགོན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེ་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་སྐྱིད་ཀྱི་རྩ་བ་ཡིན། དེར་བརྟེན་མགོན་པོ་མཆོག་གིས་ཇི་ལྟར་མ་ཡིས་བུ་ལ་གདམས་པ་བཞིན་གྱི་རིན་བྲལ་བཀའ་དགོངས་རྣམས་ཇི་བཞིན་བསྒྲུབ་དགོས་པའི་ཐོག་༸གོང་ས་མཆོག་གི་བཀའ་དྲིན་ཤེས་པའི་སྒོ་ནས་རྗེས་དྲན་ཞུ་དགོས་པ་དང། རང་ཅག་བོད་མི་ཚོའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་རྒྱུའི་ཐོག བླ་སློབ་དབར་དང་བོད་མི་ནང་ཁུལ་དམ་ཚིག་གོང་བུ་གཅིག་གྱུར་དགོས་པ་བཅས་ནི་ང་ཚོ་བོད་མི་ཡོངས་ཀྱི་འདོར་དུ་མེད་པའི་འགན་ཡིན་པས་ནན་ཏན་ཆེན་པོས་སྐུལ་མ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ནི་བོད་ཀྱི་གནད་དོན་འགྲིག་འཇགས་ཡོང་བའི་ཐབས་ལམ་ཞིག་ཡིན་པ་ངོས་ཟིན་པ་བྱས་ཏེ། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པའི་སྐོར་གསུང་བཤད་ནང་དུ། རྒྱ་ནག་ལ་མཚོན་ན་འདི་ལོ་ཕྱི་ཟླ་ ༡༡ ནང་ཏང་གི་ཚོགས་ཆེན་ཐེངས་ ༡༩ པ་དེ་ཚོགས་པའི་རྗེས་སྲིད་འཛིན་ཞི་ཅིན་ཕིང་དབང་ཆ་ཆ་ཚང་ཡོད་པའི་རྒྱ་ནག་གི་སྲིད་འཛིན་ལས་ཡུན་གཉིས་པ་དེ་ཆགས་རྒྱུ་ཡིན་པ་དང་རྒྱ་ནག་གི་མི་རབས་དྲུག་པའི་འགོ་འཁྲིད་གཏན་འཁེལ་ཡོང་རྒྱུ་ཡིན་ན་ཡང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མེད་ཁར་མུ་མཐུད་དམ་བསྒྲགས་ངང་གནས་བཞིན་ཡོད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཞའོ་པོ་མཆོག་ལྟ་བུའི་གྲགས་ཅན་གྱི་ཆབ་སྲིད་བཙོན་པར་སྡུག་སྦྱོང་མནར་གཅོད་བཏང་རྐྱེན་ནད་གཞི་ཧ་ཅང་ཚབས་ཆེ་ཕོག་ནས་སྨན་བཅོས་བྱ་ཆེད་གློད་བཀྲོལ་བཏང་བའི་གནས་སྟངས་ལས་རྒྱ་ནག་དང་། བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ཇི་ཡིན་གསལ་པོ་ངོ་འཕྲོད་ཐུབ་པ་ཞིག་རེད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། མང་གཙོ་བཅས་ཀྱི་ཐོག་ཡར་རྒྱས་མེད་པར་མུ་མཐུད་གནས་པ་དང་། ལྷག་པར་བོད་ཀྱི་གནད་དོན་ཐོག་གྲོས་མོལ་འགོ་འཛུགས་ཀྱིས་གཉིས་མོས་ཐག་གཅོད་ཅིག་མ་བྱུང་གི་བར་རྒྱལ་སྤྱིའི་ནང་རྒྱ་ནག་གི་ཆེ་མཐོང་སོགས་གང་ཅིར་གནོད་རྒྱུར་སོང་། བོད་ནང་དམ་བསྒྲགས་བྱེད་རྒྱུ་མཚམས་འཇོག་གིས་བོད་ཀྱི་བདེན་དོན་ཆེད་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་བའི་བོད་མི་ས་ཡ་གཅིག་བརྒལ་བ་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ནས་བོད་མིའི་མངོན་འདོད་གསལ་འདོན་བྱ་ཆེད་རྒྱུན་མ་ཆད་པར་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༨ ནས་ཟླ་ ༥ ཚེས་ ༡༩ བར་ཟླ་བ་གཉིས་ནང་པདྨ་རྒྱལ་མཚན་དང། དབང་ཕྱུག་ཚེ་བརྟན། ཕྱག་རྡོར་སྐྱབས། འཇམ་དབྱངས་བློ་གསལ་བཅས་བཞིས་རང་ལུས་མེར་བསྲེགས་གནང་ཡོད། ད་བར་རང་ལུས་མེར་བསྲེགས་གནང་མཁན་ཁྱོན་བོད་མི་ ༡༤༩ ཚང་མས་མགྲིན་དབྱངས་གཅིག་གྱུར་ཐོག་བོད་མིའི་རང་དབང་བསྐྱར་གསོ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་ལ་གདན་འདྲེན་ཞུ་དགོས་པའི་མངོན་འདོད་ཁག་ལ་ཡ་ལན་ངེས་པར་བྱེད་དགོས།

རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་གནད་དོན་འགྲིག་འཇགས་ཡོང་ཆེད་ཀྱི་ཐབས་ལམ་ཡིན་པ་ལས་འགོག་རྐྱེན་མིན་པ་གསལ་པོ་ངོ་འཕྲོད་པའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་འཕྲལ་དུ་འགོ་འཛུགས་བྱེད་དགོས་པ་ནན་བརྗོད་བྱེད་རྒྱུ་དང་ཆབས་ཅིག བཀའ་ཤག་གི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་ཐོག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཁོ་ན་ལས་རང་བཙན་རྩོད་སྒྲུབ་བྱེད་ཀྱི་མེད་པ་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་བསྐྱར་དུ་ནན་བརྗོད་བྱེད་རྒྱུ་ཡིན། ཞེས་གསུངས་སོང་།

མཇུག་ཏུ་ཨ་རིའི་གཞུང་ལ་རེ་སྐུལ་ཞུ་དོན། ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་གོ་སྐབས་འདི་བརྒྱུད་ཞུ་རྒྱུར། ཨ་རི་སྲིད་འཛིན་གོང་མ་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པ་བཞིན་སྲིད་འཛིན་སྐུ་ཞབས་ཌོ་ནལཌ་ཊམ་ (Donald Trump) མཆོག་ནས་ཀྱང་༸གོང་ས་མཆོག་གང་མྱུར་མཇལ་འཕྲད་ཞུ་གནང་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱའི་དབར་དོན་ཕན་ལྡན་པའི་གྲོས་མོལ་ཡོང་ཆེད་རྒྱབ་སྐྱོར་མུ་མཐུད་ཡོང་བ་དང་། དེ་བཞིན་ཉེ་སྔོན་ཨ་རིའི་གྲོས༌ཚོགས་འཐུས་མི་ ༣༧ གྱིས་སྲིད་འཛིན་མཆོག་ལ་བོད་དོན་འབྲེལ་མཐུད་སྐུ་ཚབ་བསྐོ་གཞག་དགོས་པའི་དགོས་འདུན་བཏོན་ཡོད་པ་ལྟར་གང་མྱུར་ཕྱག་བསྟར་གནང་བའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཐོག་ཨ་རིའི་གཞུང་ནས་བོད་དང་བོད་མིར་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་རེ་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན། གཞན་ཡང་ཉེ་བའི་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་རེག་སེ་ཊི་ལར་སན་ (Rex Tillerson) མཆོག་དང་། ཨ་རིའི་རྒྱ་ནག་གཞུང་ཚབ་ཆེན་མོ་སྐུ་ཞབས་ཊེ་རི་བྷི་རན་སིཊེ་ཌ་ (Terry Branstad) མཆོག དེ་བཞིན་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་པིཨར་ཨན་ཊོ་ནིའོ་པན་ཛེ་རི་ (Pier Antonio Panzeri) མཆོག གཞན་ཡང་ཁེ་ནཱ་ཌཱ་ཡི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷར་ནེཊ་འཇི་ནི་སི་ (Garnett Genuis) མཆོག་བཅས་ནས་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་རྒྱུར་རྒྱབ་སྐྱོར་འབོད་སྐུལ་གནང་བ་དང་། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ལ་གནས་པའི་བོད་ཀྱི་རྩ་དོན་དང་ཆོས་རིག་འཛིན་སྐྱོང་གི་བྱ་བར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་ཡོངས་དང་། ལྷག་པར་རྒྱ་གར་དབུས་སའི་གཞུང་དང་མི་མང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ངོ་ ༥༨ ལྷག་གི་རིང་མཐུན་འགྱུར་རོགས་རམ་གནང་བར་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

དམིགས་བསལ་སྐུ་མགྲོན་སྐུ་ཞབས་ནི་ནོང་ཨེ་རིན་(Ninong Ering) མཆོག་ནས་གསུང་བཤད་གནང་སྐབས། དེ་རིང་ང་འདིར་དམིགས་བསལ་སྐུ་མགྲོན་ལ་སྐད་བཏང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་དེང་སང་ང་རང་བྲེལ་འཚུབ་ཆེ་བའི་སྒང་ཡིན། དེ་རིང་ཕྱི་དྲོར་ལྡི་ལིར་སོང་སྟེ་ཚོགས་འདུ་ཞིག་ལ་མཉམ་ཞུགས་བྱ་དགོས་ཡོད་སྟབས། ངས་ཁྱེད་ཚོའི་མཛད་རིམ་ཚང་མའི་ནང་མཉམ་ཞུགས་བྱེད་ཐུབ་ས་མ་རེད། ང་རང་ཡོད་སའི་ས་ཁུལ་དེར་བོད་པའི་གཞིས་ཆགས་དང་བོད་མི་མང་པོ་ཡོད། ང་ཚོ་བོད་རིགས་དང་ལྷན་དུ་འཆམ་པོ་མཐུན་པོ་ཡོད་པ་མ་ཟད། བོད་མི་རིགས་དང་རྒྱ་གར་གཉིས་ ༡༩༥༩ གོང་ནས་རྒྱལ་ཁབ་ཕན་ཚུན་བར་འབྲེལ་ལམ་ཡོད་པ་དང་། ད་སྐབས་ང་ཚོའི་བར་གྱི་འབྲེལ་ལམ་དེ་ཤུགས་ཆེ་རུ་ཕྱིན་ཡོད། དེ་རིང་ང་འདིར་༧སྤྱི་ནོར་གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོའི་ཐོག་ཡོང་སྟེ། དེ་སྔོན་ང་རང་གིས་ནག་ཉེས་བསགས་པའི་སྡིག་སྒྲུབ་དག་སེལ་འགྲོ་ཡི་ཡོད་པ་རེད་བསམ་གྱི་འདུག ང་རང་བོད་ཀྱི་སྲོལ་རྒྱུན་རིག་གཞུང་འཁྲབ་སྟོན་ལ་ལྟ་རྒྱུར་དགའ་པོ་ཡོད། དེ་སྔོན་ཐེངས་མང་བལྟས་མྱོང་ཡོད་པ་མ་ཟད། ཐེངས་གཅིག་ལ་བལྟས་པ་ཡིན་ན་བསྟུད་མར་ལྟ་ཤོར་གྱི་འདུག ང་ཚོས་བོད་ཀྱི་རྩ་དོན་ཐད་རྒྱབ་སྐྱོར་གང་ཐུབ་ཞུ་བཞིན་ཡོད་ལ་མུ་མཐུད་བྱེད་ངེས་ཡིན། དེ་སྔོན་ ༧གོང་ས་མཆོག་ཨ་རུ་ན་ཅལ་མངའ་སྡེར་ཕེབས་སྐབས། རྒྱ་ནག་གཞུང་གིས་རྒྱ་གར་གཞུང་དང་༧སྐུ་མདུན་གཉིས་ལ་ངོ་རྒོལ་བྱས་ཡོད་སྟབས། ང་ཚོས་གྲོས་ཚོགས་ནང་དེའི་སྐོར་གླེང་རྒྱུ་ཡིན་ལ། བོད་ཀྱི་འཐབ་རྩོད་ཇི་ལྟར་སེར་ཐབས་བྱེད་དགོས་པ་སོགས་དེ་སྔོན་ནས་གླེང་གི་ཡོད། ད་ལྟ་ད་དུང་མུ་མཐུད་དུ་གླེང་ངེས་ཡིན། རྒྱ་ནག་གཞུང་གིས་ཉེ་ཆར་རྒྱ་དཀར་ནག་གི་ས་མཚམས་སུརྩོད་རྙོག་ཅིག་བསླངས་ཡོད། དོན་དངོས་ཐོག་ངས་བསམ་ན་ད་ལྟ་དྲག་སྤྱོད་བཀོལ་ཏེ་ས་མཚམས་རྩོད་རེས་བྱེད་པའི་དུས་སྐབས་མཇུག་རྫོགས་པ་རེད། འོན་ཀྱང་། རྒྱ་ནག་གཞུང་གིས་ཆུ་མཛོད་བརྒྱབ་སྟེ་བོད་ནས་རྒྱ་གར་ནང་བཞུར་བའི་སངྒེ་ཁ་བབས་བཀག་འགོག་བྱེད་བཞིན་ཡོད་སྟབས། ང་ཚོས་གྲོས་ཚོགས་ནང་རྒྱ་ནག་གི་བྱ་སྤྱོད་དེ་དག་ཐད་གྲོས་མོལ་བྱ་རྒྱུ་ཡིན་ལ། དམིགས་བསལ་བོད་ཀྱི་རྩ་དོན་གླེང་གི་ཡིན། ཞེས་གསུངས་སོང་།

སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀི་ཤན་ཀཱ་པུར་མཆོག་ནས་གསུང་བཤད་གནང་སྐབས། ༧གོང་ས་མཆོག་རྒྱ་གར་དྷ་རམ་ས་ལར་ཕེབས་ཏེ་རྒྱུན་བཞུགས་གནང་བ་དེ་ཧ་ཅང་བཀའ་དྲིན་ཆེ་ཞུ་ཡི་ཡོད་པ་དང་། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དྷ་རམ་ས་ལའི་ས་ཁུལ་ཆུང་ཆུང་འདི་ཡང་འཛམ་གླིང་ནང་གྲགས་སོང་སྟབས། འཛམ་གླིང་གི་ཡུལ་ལུང་མང་པོ་ནས་གནད་ཡོད་མི་སྣ་དང་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་པོ་ཡོང་གི་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་ས་གནས་གཞན་ཁག་མང་པོ་ནས་དྷ་སར་སྤྲོ་འཆམ་དུ་ཡོང་མཁན་འཚང་ཁ་ཤིག་ཤིག་ཏུ་གྱུར་ཡོད་སྐོར་དང་། ༧གོང་ས་མཆོག་ནས་འཛམ་གླིང་སྤྱི་ཡོངས་ཀྱི་ནང་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་སྤྱོད་ཁྱབ་སྤེལ་གནང་བཞིན་ཡོད་པ་དང་། ད་སྐབས་རྒྱ་གར་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་གནས་ཚུལ་མང་པོ་ཡོང་གི་ཡོད་པ་དེ་ཚོ་ཁོང་ནས་ལམ་སྟོན་མཛད་པའི་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་སེལ་ཐུབ་པ་ཞིག་ཡིན་ལ། མི་རབས་གསར་པ་ཚོའི་ལས་འགན་ནི་༧གོང་ས་མཆོག་གི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་བསླབ་བྱ་རྣམས་འཛམ་གླིང་ཡོངས་སུ་ཁྱབ་ཐབས་ཞུ་རྒྱུ་དེ་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་བརླག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་། ༧གོང་ས་མཆོག་གི་འཚེ་མེད་ཞི་བའི་འཐབ་རྩོད་བརྒྱུད་ནམ་ཞིག་ལ་བོད་དོན་བདེན་མཐའ་གསལ་ཐུབ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

གཞུང་འབྲེལ་མཛད་སྒོ་གྲོལ་རྗེས་དྷ་ས་ཁུལ་གྱི་ཚོགས་པ་ཁག་གི་ཐུན་མོང་གོ་སྒྲིག་འོག་སྐུ་མགྲོན་རྣམ་པ་དང་སྲི་ཞུ་ལས་བྱེད། སེར་སྐྱ་མི་མང་བཅས་ལ་ཉིན་གུང་གི་ཞལ་ལག་ཕུལ་སོང་བ་དང་། ཉིན་རྒྱབ་མུ་མཐུད་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ་གཞས་སྣ་འཁྲབ་སྟོན་གནང་བཞིན་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ་དང་པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༠༧

Leave a Reply

One thought on “རྒྱ་ནག་གི་ཉེན་ཚབས་ཅན་གྱི་ལས་གཞི་རྒྱུད་གཅིག་ལམ་གཅིག་ལ་དགག་བྱ་དང་གནོན་ཤུགས་སྤྲོད་རོཊ།