སློབ་གྲྭ་ཁུངས་མ་འཁྱོལ་བའི་ཕྲུ་གུས་དྲ་ལམ་ཁྲིམས་འགལ་ལྟེ་གནས་བཙུགས།

ཡུ་རོབ་རྒྱལ་ཁབ་རོ་མཱ་ནི་ཡའི་རམ་ནིག་ཝེལ་སི་(Romanian town of Ramnicu Valcea)ནི། རྒྱལ་སྤྱིའི་དྲྭ་ལམ་ཁྲིམས་འགལ་(cybercrimes)བའི་གྲོང་ཁྱེར་ཨང་དང་པོ་དེ་ཡིན་པ་བཞིན། ཇར་ཀན་དྷ་མངའ་སྡེའི་(Jamtara district in Jharkhand)ཇམ་ཏཱ་ར་རྫོང་ནི། རྒྱ་གར་གྱི་དྲྭ་ལམ་ཁྲིམས་འགལ་བའི་ས་གནས་ལྟེ་བ་དེ་ཆགས་ཡོད། ལོ་འདིའི་ཕྱི་ཟླ་དང་པོ་ནས་བཟུང་ཟླ་དྲུག་རིང་ཉེན་རྟོག་པས་ཁྲིམས་འགལ་བ་ ༡༠༠ ལྷག་འཛིན་བཟུང་བྱས་ཡོད་ལ། ད་དུང་མང་པོ་ཞིག་འཇུ་བཟུང་བྱེད་མ་ཐུབ་པར་ལུས་ཡོད།

ཇར་ཀན་དྷ་མངའ་སྡེའི་(Jamtara district in Jharkhand)ཇམ་ཏཱ་ར་རྫོང་དུ་སློབ་གྲྭ་ཁུངས་མ་འཁྱོལ་བའམ། དམའ་རིམ་འཛིན་གྲྭ་ལྔ་པ་ཁུངས་མ་འཁྱོལ་བའི་(panchvi fail)གཞོན་སྐྱེས་མང་ཆེ་བས་དྲྭ་ལམ་ཐོག་འབྱོར་ལྡན་པ་དང་། མིང་གྲགས་ཆེ་བའི་བཟོ་གྲྭ། མི་སྒེར་གང་བྱུང་མགོ་སྐོར་བསླུ་བྲིད་ཀྱིས་འཚོ་ཐབས་བྱེད་བཞིན་ཡོད།

དྲྭ་ལམ་ཐོག་གཞན་ལ་མགོ་སྐོར་བསླུ་བྲིད་ཀྱི་བྱ་སྤྱོད་དེ་ནི། རྫོང་དེའི་སྤྱི་ཁྱབ་ལས་ཁུངས་ནས་ཀི་ལོ་མི་ཊར་ ༢༤ སར་ཆགས་པའི་ནཱ་ར་ཡན་པུར་(Jhiluwa village in Narayanpur)ཇི་ལུ་ཝ་གྲོང་ཚོའི་གལ་ཆེའི་འཚོ་བའི་རྟེན་གཞིར་གྱུར་ཡོད་ཚུལ་བརྗོད་ཀྱི་ཡོད། གྲོང་ཚོ་དེར་མི་འབོར་ ༢༠༠༠ ཙམ་ཡོད་པ་དང་། སློབ་གྲྭ་ཁག་གཉིས་ཡོད། འོན་ཀྱང་ལག་ཐོགས་ཁ་པར་ཚོང་གཉེར་བྱེད་པའི་ཚོང་ཁང་ ༣༠ ལྷག་ཡོད།

ལག་ཐོགས་ཁ་པར་ཚོང་གཉེར་བ་མཱ་ཧིན་དྷྲ་ར་ཛག་(Mahindra Rajak)ཟེར་བས། “ཁུལ་དེའི་ན་གཞོན་ཕལ་ཆེ་བར་ལག་ཐོགས་ཁ་པར་ཡོད་པ་རེད་”ཟེར། ལག་ཐོགས་ཁ་པར་ཐོགས་པའི་ན་གཞོན་མང་ཆེ་བ་སློབ་གྲྭ་ཁུངས་མ་འཁྱོལ་བའམ། དམའ་རིམ་འཛིན་གྲྭ་ལྔ་པ་ཁུངས་མ་འཁྱོལ་(panchvi fail)བའི་གཞོན་སྐྱེས་ཤ་སྟག་ཡིན་པ་རེད།

དེ་སྔའི་རྫོང་ཉེན་རྟོག་དཔོན་མ་ནོ་ཇ་ཀུ་མར་སིང་(Manoj Kumar Singh)གིས་ “རང་ཉིད་ཇམ་ཏཱ་ར་ས་གནས་སུ་གནས་སྤོ་བྱས་པ་ནས་བཟུང་། དྲྭ་ལམ་ཐོག་གཞན་བསླུ་བྲིད་ཀྱི་ལས་ལ་གཞོལ་བའི་ཕྲུ་གུ་རེ་ཉིན་ལྟར་འཇུ་བཟུང་བྱས་ཡོད་པ་དང་། གྲོང་གསེབ་ཀྱི་དམའ་རིམ་སློབ་གྲྭ་ཁུངས་མ་འཁྱོལ་བའི་ཕྲུ་གུས། གྲོང་ཁྱེར་ནང་གི་དེང་རབས་ཤེས་ཡོན་དང་འཕྲུལ་ཆས་རིག་རྩལ་མཁས་པའི་མི་སྣ་ལས་སླ་པོར་བསླུ་བྲིད་བྱེད་ཐུབ་པར་ཡ་མཚན་སྐྱེ་བཞིན་འདུག” ཟེར།

དྲྭ་ལམ་གྱི་ནག་ཉེས་མང་ཆེ་བ་དངུལ་ཁང་གི་གནད་ཡོད་མི་སྣ་དང་། དངུལ་རྩིས་ལས་དོན་དང་འབྲེལ་བའི་མི་སྣ་ཡིན་ཁུལ་གྱིས་ཁ་པར་དང་མྱུར་འཕྲིན་སོགས་བརྒྱུད་དེ། གང་ཟག་གང་ཞིག་གི་དྲྭ་ཐོག་མ་དངུལ་སྤྲོད་ལེན་གྱི་གསང་ཚིག་དང་། ཁ་པར་ཨང་གྲངས། ཁ་བྱང་སོགས་ཞིབ་ཁྲའི་གནས་ཚུལ་དྲི་རྩད་ཀྱིས། རྒྱ་རྙིར་ཚུད་པའི་གང་ཟག་དེའི་དྲྭ་ཐོག་གི་མ་དངུལ་རྐུ་ལེན་བྱེད་རྒྱུ་དེ་ཡིན།

སྤྱིར་མི་རྣམས་ཀྱིས་དྲྭ་ཐོག་གི་མ་དངུལ་དེ་རིགས་དྲྭ་ལམ་ཉོ་ཚོང་(online shopping)དང་། ཁ་པར་གཏོང་ལེན་(phone service packs)གྱི་རིན་བབ། དྲྭ་ཐོག་ཁུག་མ་(e-wallet)འགེང་འཇུག་སོགས་ཀྱི་ཆེད་སྤྱོད་བཞིན་ཡོད།

རྫོང་དེའི་མི་རྣམས་ཀྱི་འཚོ་བའི་རྟེན་གཞི་གཙོ་བོ་ཞིང་ལས་དང་། གཞུང་གི་ལས་དོན། ལས་ཞོར་ཚོང་ལས། ཁྱིམ་མཚེས་ནུབ་བྷང་གྷལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཇམ་ཏཱ་རའི་ནགས་གསེབ་དང་། གཙང་ཆུ། བྲག་གཡང་བཅས་སུ་རོལ་རྩེད་ལ་ཡོང་སྐབས་དངུལ་གང་ཙམ་གསོག་སྒྲུབ་བྱེད་པ་དག་ཡིན།

ལོ་ངོ་ལྔ་དྲུག་གོང་ནས་གཞན་མགོ་སྐོར་བའི་རིག་རྩལ་གྱི་མེ་ལྕེ་ཞིག་རིམ་པར་མཆེད་ཅིང་། འབྲི་ཀློག་འཕེར་ཙམ་ལས་ལས་ཀ་མི་འགྱིད་པའི་ན་གཞོན་ཚོའི་ཁྲོད། མྱུར་བ་ཉིད་དུ་ཕྱུག་པོ་ཆགས་པའི་ལམ་བུ་གཟང་ཤོས་ནི། ཉེན་རྟོག་པས་སྟངས་འཛིན་བྱེད་མི་ཐུབ་པའི་དྲྭ་ལམ་ཐོག གཞན་ལ་མགོ་སྐོར་བསླུ་བྲིད་ཀྱིས་དངུལ་གསོག་སྒྲུབ་བྱེད་རྒྱུའི་ཐབས་ལམ་དེ་ཡིན་པ་ཤེས་ཡོད།

ན་གཞོན་ཚོའི་ཁྲོད་ཁ་པར་གྱི་སྐད་སྒྲ་སྣ་ཚོགས་དང་། བྱང་བུ་(sim card)འདྲ་མིན་བེད་སྤྱོད་བྱེད་པ་ནི་རྒྱུན་ལྡན་མཐོང་ཐོས་སུ་གྱུར་བའི་གནད་དོན་ཞིག་ཡིན། ལོ་ན་ ༡༤ ལས་མ་སོན་པར་བརྟེན་ཁྲིམས་ཆད་མ་ཕོག་པའི་དྷུ་མཱ་རི་ཡ་(Dumaria)གྲོང་གསེབ་ཀྱི་ཕྲུ་གུ་ཞིག་གིས། ཁོ་པ་ལོ་ ༡༠ ཐོག་དྲྭ་ཐོག་གཞན་གྱི་དངུལ་ཁ་བསླུས་པ་དང་པོ་དེ་བརྒྱབ་ཚུལ་བརྗོད་པ་དང་། སྐབས་དེར་ཁོ་པས་ཁ་པར་གཏོང་ལེན་གྱི་(recharge)རིན་བབ་ཐོག་བསླུ་བྲིད་བྱས་ཚུལ་བརྗོད།

ཁོ་པའི་ཁྲིམས་འགལ་གྱི་ལས་དོན་དེ་རིགས་ངོ་ཚ་དགོས་པ་ཞིག་མིན་ནམ་ཞེས་དྲིས་པར། པར་ཝིན་(Parveen)ཞེས་པའི་ན་གཞོན་ཞིག་གིས་གློ་བུར་དུ། “ང་ཚོས་མ་མཐར་མི་གསོད་པའི་ནག་ཉེས་རྩོམ་གྱི་མེད། ཤེས་ཡོན་གྱི་གནས་ཚད་མེད་ཁར་ལས་ཀ་ཡང་མེད་སྟབས། ལས་དོན་གཞན་གང་ཞིག་བྱེད་དགོས་སམ་”ཟེར།

རང་ལོ་ ༢༣ སོན་ཞིང་གནས་སྐབས་བཙོན་གྲོལ་ཐོབ་ཡོད་པའི་སྐྱེས་པ་མུ་ཀེ་ཤེ་མན་དྷལ་(Mukesh Mandal)ཟེར་བས། ཁོ་པ་ལོ་ ༡༨ ཐོག་རང་ཉིད་ཀྱི་གཅེན་པོ་ཚོས་དྲྭ་ལམ་ཐོག་ཁ་བསླུས་བྱེད་ཐབས་བསླབས་པ་དང་། ཁོ་པའི་ནག་ཉེས་དང་པོ་དེ་ཁ་པར་གཏོང་བའི་མ་དངུལ་(talk-time balance)རྐུ་ལེན་བྱེད་རྒྱུ་དེ་ཡིན་ཞིང་། དེ་ལས་ལྡོག་པའི་ལས་ཀ་གང་ཡང་ཤེས་ཀྱི་མེད་ཚུལ་བརྗོད།

གཞོན་སྐྱེས་ཚོས་ས་གནས་དེ་ནི་རྒྱལ་ཁབ་ཀྱི་ས་ཕྱོགས་གང་ས་ནས་དྲྭ་ལམ་གྱི་ཁྲིམས་འགལ་བ་རྟོག་ཞིབ་བྱེད་པར་འགྲོ་ཡུལ་གཙོ་བོ་དེ་བཟོས་ཡོད་པ་རེད། ས་གནས་དེའི་ཀརྨ་ཏན་ཉེན་རྟོག་ཁང་གི་མགོ་དཔོན་གྱིས། “ཉིན་བཅུའི་གོང་ས་གནས་དེའི་སྐྱེས་པ་ཞིག་གིས་ཨོ་ཊི་ཤའི་(Odisha)ཉེན་རྟོག་མགོ་དཔོན་ཞིག་གི་ཕ་ཡི་དངུལ་འབུམ་གཉིས་ཁ་བསླུས་བརྒྱབ་པར་བརྟེན་འཛིན་བཟུང་བྱས་པ་ཡིན།” ཟེར།

ཀརྨ་ཏན་ཁང་སྡེ་(Karmatand block)ཁོ་ནར་ལོ་འདིར་དྲྭ་ལམ་གྱི་ནག་ཉེས་དང་འབྲེལ་བའི་ཉེས་ཅན་པ་ ༥༠ ཙམ་འཛིན་བཟུང་བྱས་ཡོད་པ་དང་། རྫོང་ཐོག་ཏུ་ཁྱོན་བསྡོམས་ཁྲིམས་འགལ་བ་ ༡༠༠ ལྷག་འཛིན་བཟུང་བྱས་ཡོད།

ཕྱི་ལོ་ ༢༠༡༥ ལོར་ཡུ་པི་(UP)མངའ་སྡེའི་ཉེན་རྟོག་པས་ཞིབ་འཇུག་བྱས་པ་ལྟར་ན། རྒྱལ་ཁབ་ཀྱི་ས་གནས་གང་སར་ཚོང་འགྲེམ་བྱས་པའི་བྱང་བུ་ཁ་གྲངས་ ༢༠༠༠ ཙམ། ཇམ་ཏཱ་ར་རྫོང་དུ་དྲྭ་ལམ་ཐོག་ངན་ཇུས་མགོ་སྐོར་གྱི་ལས་ལ་སྤྱད་ཡོད་ཚུལ་བརྗོད་ཡོད། དུས་དེ་ནས་ད་བར་གྲངས་ཚད་ངེས་ཅན་འཕར་ཟིན་པ་རེད།

ཇམ་ཏཱ་ར་རྫོང་ཉེན་རྟོག་བཀོད་འདོམས་པ་སྐུ་ཞབས་ཇ་ཡ་རོའི་(Jaya Roy)ཡིས། “གལ་ཏེ་གཞོན་སྐྱེས་ཚོས་དྲྭ་ལམ་ཐོག་ཁྲིམས་འགལ་གྱིས་དངུལ་ཕོན་ཆེ་གསོག་སྒྲུབ་བྱེད་ཐུབ་ཀྱི་ཡོད་ན། ང་ཚོས་ཇི་ལྟར་སློབ་གསོ་གཏོང་དགོས་སམ། མ་ཟད་ཁོ་ཚོའི་ཕ་མ་ཚོས་ཁོ་པ་ཚོར་རྒྱབ་སྐྱོར་ལྷོད་མེད་བྱེད་ཀྱི་ཡོད། དེ་ནི་དེ་བས་དཀའ་ཚེགས་ཆེ་བའི་གནད་དོན་ཞིག་ཡིན།”ཟེར།

སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་མ་ནོ་རན་ཇན་ཀུན་ཝར་(Manoranjan Kunwar)ལགས་ཀྱིས་ཀྱང་། ན་གཞོན་ཚོར་ལས་དོན་དེ་རིགས་ལ་མཉམ་ཞུགས་བྱས་ན་ཉེན་ཁ་ཆེ་བའི་གོ་རྟོགས་ལས་འགུལ་སྣ་ཚོགས་སྤེལ་ཡང་། ཕན་ནུས་གང་ཡང་ཐོན་མེད་པ་རེད། གྲོང་མི་མང་ཆེ་བས་གཞོན་སྐྱེས་ཚོས་དྲྭ་ལམ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་ཁས་ལེན་བྱེད་ཀྱི་མེད། འོན་ཀྱང་ཕྱི་མི་ཚོས་གྲོང་ཚོའི་བྱ་སྤྱོད་ཀྱི་འདྲ་པར་ལེན་པར་གཞུང་འབྲེལ་མ་ཡིན་པའི་བཀག་སྡོམ་ཞིག་ཡོད་པ་ཡིན།

མ་ཡིག་འབྲེལ་ཐག http://www.hindustantimes.com/india-news/what-else-do-we-do-school-dropouts-run-india-s-cyber-fraud-hub-in-jharkhand-s-jamtara/story-yjlMqQy5QHEcbCnvo8fvPL.html

སོ་རབ་རོའེ་(Saurav Roy)ཡིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

བསྐྱར་བཅོས།: ༢༠༡༧/༠༧/༡༡

Leave a Reply