རྡོར་གཏན་གྱི་བྱང་ཆུབ་ཤིང་སྡོང་ཞིག་གི་ཡལ་ག་ཆག

གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་འཁྲིས་སུ་ཡོད་པའི་བྱང་ཆུབ་ཤིང་སྡོང་ཞིག་གི་ཡལ་ག་ཆག་འདུག་ཀྱང་ནང་པ་ཡོངས་ཀྱིས་ཧ་ཅང་རྩ་ཆེན་དུ་རྩི་བའི་བྱང་ཆུབ་ཤིང་སྡོང་དེ་རེད་མི་འདུག

ཉིན་འདི་ཚོར་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་འཁྲིས་སུ་ཡོད་པའི་བྱང་ཆུབ་ཤིང་སྡོང་ཆེན་པོ་ཞིག་ས་ལ་འགྱེལ་ཡོད་པའི་པར་རིས་འགའ་སྤྱི་ཚོགས་དྲ་ལམ་ཏུ་ཐོན་པ་དང་བསྟུན། ཤིང་སྡོང་དེ་སངས་རྒྱས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་སྐབས་སྐུ་རྒྱབ་རྟེན་སའི་བྱང་ཆུབ་ཤིང་སྡོང་དེ་ཡིན་སྐོར་བརྗོད་མཁན་བྱུང་སྟབས། དེ་རིང་འདི་གའི་གསར་འགོད་པས་རྡོར་གདན་དུ་ཡོད་པའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་འགན་འཛིན་བསྟན་འཛིན་དཀོན་མཆོག་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། བྱང་ཆུབ་ཤིང་སྡོང་ངོ་མ་དེ་མ་རེད། མཆོད་རྟེན་གཡས་གཡོན་དུ་བྱང་ཆུབ་ཤིང་སྡོང་མང་པོ་ཡོད་པ་དང་། མཆོད་རྟེན་ནང་ཡར་འཛུལ་སའི་གཡས་ཕྱོགས་སུ་བྱང་ཆུབ་ཤིང་སྡོང་ཆེན་པོ་ཞིག་ཡོད་པ་དེའི་ཡལ་ག་སྤོམ་པོ་གཅིག་ཁོག་སྟོང་ཆག་སྟེ། ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ ཡས་མས་ཤིག་ལ་ཆག་ཡོད་པ་དང་། ཉེ་འཁྲིས་སུ་ཡོད་པའི་མཆོད་རྟེན་ཆུང་ཆུང་གཉིས་ལའང་གཏོར་སྐྱོན་ཅུང་ཙམ་ཐེབས་འདུག སྐབས་དེར་རླུང་ཤུགས་ཆེན་པོ་དེ་འདྲ་བརྒྱབ་མེད་ཀྱང་ཉིན་ཤས་སྔོན་ནས་བཟུང་ཆར་དུས་མགོ་བཙུགས་ཡོད་སྐོར་གསུངས་བྱུང་།

ཡང་ཁོང་གིས། ད་ལན་ཡལ་ག་ཆག་པའི་ཤིང་སྡོང་ཆེན་པོ་དེ་བྱང་ཆུབ་ཤིང་སྡོང་ངོ་མ་དེ་དང་དུས་མཉམ་དུ་བཏབ་ཡོད་པ་དང་། ད་ལྟའི་བར་ལོ་ ༡༤༠ མ་ཟིན་འགྲོ་བཞིན་ཡོད་སྐོར་གོ་ཐོས་བྱུང་བ་དང་། བྱང་ཆུབ་ཤིང་སྡོང་ངོ་མ་དེ་ལ་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་(Mahabodhi Temple Management Committee)ནས་དུས་ནས་དུས་སུ་ཞིབ་འཇུག་དང་སྨན་བཅོས་བྱེད་བཞིན་ཡོད་སྐོར་གསུངས་བྱུང་།

འཛམ་གླིང་གི་ནང་པ་ཚོས་ཧ་ཅང་རྩ་ཆེན་དུ་རྩི་བའི་བྱང་ཆུབ་ཤིང་སྡོང་ཆེན་པོར་(Mahabodhi Tree)་འབྱུང་བའི་གནོད་སྐྱོན་ཐེངས་དུ་མར་ཐེབས་པའི་ལོ་རྒྱུས་ཡོད་པ་དང་། འདི་ལོའི་ལོ་མགོར་བྱང་ཆུབ་སྡོང་པོའི་ཁ་དོག་འགྱུར་ཞིང་རྒྱུན་ལྡན་མིན་པའི་ལོ་མ་མང་པོ་སར་ཟེགས་པར་བརྟེན། ནང་པའི་གནས་མཇལ་བ་ཚོར་སྡོང་པོ་སྐམ་ཉེན་ཡོད་པའི་སེམས་ཁྲལ་བསླངས་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་ལྡེ་ར་རྡུན་གྱི་ནགས་ཚལ་ཞིབ་འཇུག་བསྟི་གནས་ཁང་ནས་ཞིབ་འཇུག་བྱས་པ་བརྒྱུད་ནམ་ཟླའི་འགྱུར་ལྡོག་གི་ཁྱད་པར་ཙམ་མ་གཏོགས་སྡོང་པོའི་གནས་སྟངས་སྔར་བཞིན་ལེགས་པོ་ཡོད་སྐོར་བརྗོད་ཡོད་པ་རེད།

ཧིན་བོད་ཀྱི་ལོ་རྒྱུས་དག་ན་ཕྱི་ལོའི་སྔོན་གྱི་དུས་རབས་ ༦ པའི་ནང་། རྒྱ་གར་སེར་སྐྱའི་གྲོང་གི་ཤཱཀྱའི་རིགས་ཀྱི་རྒྱལ་པོ་ཟས་གཙང་མ་(Suddhodana)དང་བཙུན་མོ་སྒྱུ་མ་ལྷ་མཛེས་(Maya Devi)གཉིས་ཀྱི་སྲས་གོ་ཏ་མ་གཞོན་ནུ་དོན་འགྲུབ་(Gautama Buddha)ཀྱིས། བྱང་ཆུབ་ཤིང་སྡོང་དེར་སྐུ་རྒྱབ་བརྟེན་ནས་སྒོམ་ཉམས་ལེན་གནང་མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་ལོ་རྒྱུས་ཡོད་པ་དང་། ད་ལྟ་མཇལ་རྒྱུ་ཡོད་པའི་མཆོད་རྟེན་ཤར་ངོས་ཀྱི་བྱང་ཆུབ་ཤིང་སྡོང་ཆེན་པོ་དེ་ནི། ཕྱི་ལོ་ ༡༨༧༦ ལོར་རླུང་འཚུབ་ཆེན་པོ་ཞིག་གིས་སྐུ་རྒྱབ་རྟེན་སའི་བྱང་ཆུབ་ཤིང་སྡོང་དེ་ས་རུ་འགྱེལ་རྗེས། ནང་པའི་དད་ལྡན་ཚོས་སྡོང་པོ་དེའི་ཡལ་ག་ཞིག་གནས་དེ་རང་ལ་བཙུགས་ནས་སླར་ཡང་སྐྱེས་པའི་སྡོང་པོ་དེ་ཡིན་པར་བཤད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༡༡

Leave a Reply

One thought on “རྡོར་གཏན་གྱི་བྱང་ཆུབ་ཤིང་སྡོང་ཞིག་གི་ཡལ་ག་ཆག

  1. གཞུང་པ་ཚེ་དབང་བསོད་ནམས་

    སེམས་ཅན་བསོད་ནམས་ཉམས་པ་ན་།
    བྱང་ཆུབ་ཤིང་སྡོང་ས་ལ་ལྷུང་།
    སྟོན་པའི་བསྟན་པ་རིན་པོ་ཆེ་།
    མི་ནུབ་ཕྱོགས་བཅུར་རྒྱས་པ་ཤོག་།